འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་28ཉིན།

༄༅༎བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་དེ་སྔའི་ཏང་ཨུད་ཀྱི་ཨུ་ཡོན། ཐིང་ཀྲང་གཞོན་པ་
ཝང་ཅིན་ཧོ་ཏང་གི་སྐྱིད་སྡུག་དང་ལས་གནས་ནས་ཕྱིར་ཕུད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་27ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་དེ་སྔའི་ཏང་ཨུད་ཀྱི་ཨུ་ཡོན། ཐིང་ཀྲང་གཞོན་པ་ཝང་ཅིན་ཧོ་ཡིས་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད། 
     བརྟག་དཔྱད་བྱས་པ་བརྒྱུད། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཡིན་པའི་ངོས་ནས། ཝང་ཅིན་ཧོས་ཕུགས་བསམ་དང་དད་སེམས་ཤོར་པ་དང་། ཏང་ལ་ལྷག་བསམ་རྣམ་དག་མེད་པ། ཁ་ཞེ་མི་མཐུན་པ། མགོ་གཉིས་པའི་ལས་ཀ་བྱས་པ་དང་། རྩ་འཛུགས་ཀྱི་ཞིབ་བཤེར་དང་ལེན་མ་བྱས་པར་དཔང་རྟགས་གཞན་སྒྱུར་དང་སྦས་སྐུང་བྱས་ཤིང་། དོ་དམ་ཞབས་ཞུ་བྱ་ཡུལ་གྱིས་སྤྲད་པའི་ལག་རྟགས་དང་འབུལ་རྟེན་བླངས་པ་དང་གཞུང་གི་ཁང་པ་མང་པོ་བཟུང་བ། སྒེར་གྱི་འབྲེལ་ཡོད་གནད་དོན་སྦ་གསང་བྱས་པ་དང་གྲོང་སྡོད་བྱེད་རིང་ལས་གནས་ནས་རང་དགར་ཁ་བྲལ་བ། རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བ། ཁྲིམས་འགལ་ངང་རྫས་མདེལ་ཉར་བ། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་རྣམ་གྲངས་འགན་གཙང་ལེན་པ་དང་ལས་གྲྭའི་ཚད་འཇལ་བརྗེ་སྤོར་སོགས་ཐད་གཞན་ལ་རོགས་རམ་བྱས་ཤིང་གཞན་གྱིས་སྤྲད་པའི་རྒྱུ་དངོས་མང་པོ་བླངས་བ་བཅས་བྱས་ཡོད་པ་རེད། 
     ཝང་ཅིན་ཧོ་ཡིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་དང་ཚབས་ཆེན་འགལ་བ་དང་འབྲེལ། རྔན་པ་ལེན་པ་དང་ཁྲིམས་འགལ་ངང་རྫས་མདེལ་ཉར་བའི་ཉེས་པ་བསགས་པའི་དོགས་གཞི་ཡོད་པ་མ་ཟད། ད་དུང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་མཚམས་ཚོད་བྱས་མེད་པས་གནས་ཚུལ་ཚབས་ཆེན་ཡིན་པ་དང་། ངོ་བོ་ཐ་ཤལ་བཅས་ཡིན་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ལྟ་ཞིབ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་བོད་རང་སྐྱོང་ལྗོངས་ཏང་ཨུད་ལ་ཆོག་མཆན་གནང་རྒྱུའི་དགོངས་སྐོར་ཞུས་པ་བརྒྱུད། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཝང་ཅིན་ཧོ་ཏང་གི་སྐྱིད་སྡུག་ནས་ཕྱིར་ཕུད་པའི་ཆད་པ་བཅད་པ་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་གྱིས་ཝང་ཅིན་ཧོ་གཞུང་གི་ལས་གནས་ནས་ཕྱིར་ཕུད་པའི་ཆད་པ་བཅད་པ། ཁོའི་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་བ། ཉེས་པ་བསགས་པའི་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲད་དེ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱེད་པ་བཅས་གཏན་འབེབས་བྱས་ཡོད།
     ཝང་ཅིན་ཧོའི་ལོ་རྒྱུས་མདོར་བསྡུས།
     ཝང་ཅིན་ཧོ། སྐྱེས་པ། རྒྱ་རིགས། 1965ལོའི་ཟླ་10པར་སྐྱེས། ཧོ་པེ་ཀྲང་ཅ་ཁོའུ་ནས་ཡིན་ཞིང་། 1986ལོའི་ཟླ་8པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ཡོད། 1999ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་རེད།
     1986.08—1995.11 བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གཞུང་ལམ་རྩད་ཞིབ་འཆར་འགོད་ཇུས་འགོད་ཁང་གི་ལག་རྩལ་པ་བྱས།
     1995.11—1999.03 བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གཞུང་ལམ་རྩད་ཞིབ་འཆར་འགོད་ཇུས་འགོད་ཁང་སྤྱི་ཁྱབ་བཟོ་ལས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བྱས།
     1999.03—2001.07 བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གཞུང་ལམ་རྩད་ཞིབ་འཆར་འགོད་ཇུས་འགོད་ཁང་སྤྱི་ཁྱབ་བཟོ་ལས་གཞུང་ལས་ཁང་གི་ཀྲུའུ་རེན་བྱས།
     2001.07—2001.12 བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གཞུང་ལམ་རྩད་ཞིབ་འཆར་འགོད་ཇུས་འགོད་ཁང་གི་ཡོན་ཀྲང་གཞོན་པ་བྱས།
     2001.12—2004.11 བོད་ལྗོངས་མཁའ་ལམ་འགྲིམ་འགྲུལ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་གཉེར་གཞོན་པ་བྱས།
     2004.11—2007.11 བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གཙོ་གནད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་བྱས།
     2007.11—2008.04 བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གཙོ་གནད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་བྱས།
     2008.04—2008.05 བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གཙོ་གནད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་དོ་དམ་ལྟེ་གནས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ(ཁྲུའུ་རིམ་པ་རྒན་པ)བྱས།
     2008.05—2012.08 བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གཙོ་གནད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་དོ་དམ་ལྟེ་གནས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་བྱས།
     2012.08 བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་ཨུ་ཡོན་དང་ཐིང་ཀྲང་གཞོན་པ་བྱས།