འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་27ཉིན།

༄༅༎གྲོང་ཚོའི་སྨན་པ་སྟག་ལྷ་རྒྱལ་གྱིས་སྨན་བཅོས་ལས་ལ་གཞོལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་27ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་སྟག་ལྷ་རྒྱལ(གཡོན)གྱིས་ཡུལ་མི་ཝང་ལུང་ལ་བདེ་ཐང་འཕྲོད་བསྟེན་གྱི་རྒྱུན་ཤེས་འགྲེལ་བཤད་རྒྱག་བཞིན་པ།
འདི་ནི་སྟག་ལྷ་རྒྱལ(གཡོན)གྱིས་ཡུལ་མི་ཝང་ལུང་ལ་བདེ་ཐང་འཕྲོད་བསྟེན་གྱི་རྒྱུན་ཤེས་འགྲེལ་བཤད་རྒྱག་བཞིན་པ།
     སྟོན་ཟླ་དགུ་པའི་ས་མཐོར་རྒྱང་རིང་གི་གངས་རི་དཀར་ཆིལ་ལེར་གནས། རྩྭ་སྔོན་དག་རིམ་གྱིས་སེར་པོར་གྱུར་བ་དང་། ལམ་འགྲམ་གྱི་ཡངས་པའི་ཞིང་ཐང་དུ་ནས་ཀྱི་སྙེ་རྡོག་ཁུར་དུ་དུད་ནས་མགོ་ལྕོག་ལྡེམ་ལྡེམ་བྱེད། གྲོང་ཚོའི་སྨན་པ་སྟག་ལྷ་རྒྱལ་གྱིས་སྨན་སྒམ་ཁུར་བའི་ཁེར་རྐྱང་གི་རྒྱབ་གཟུགས་དང་མཉམ་དུ་མིག་སྔའི་མཐོང་སྣང་དེ་འདྲ་ཞིག་གྲུབ་འདུག
     མིག་མདུན་གྱི་བོད་རིགས་ཕོ་རྒོད་དེ་ལ་ས་མཐོའི་ཉི་འོད་ཀྱི་རྐྱེན་པས་གདོང་པ་སྨུག་པོར་གྱུར་པ་དང་ལོ་46ཡིན་པའི་ཁོང་ལ་ཕར་བལྟས་ཚེ་ཅུང་རྒས་ཉམས་དོད། གསར་འགོད་པའི་བརྙན་མིག་ལ་གདོང་ཕྱོགས་སྐབས། ཁོང་དངངས་འཚབ་ལངས་ནས་རྔུལ་ཆུ་ཐོན་ཡང་། ནད་གཞི་ལྟ་སྐབས་མིག་ཟུང་དུ་སྟོབས་ཤུགས་ཀྱིས་ཁེངས་འདུག
     “བགྲེས་སོང་ཞིག་གིས་ཁ་པར་ནས་ལུས་པོ་བདེ་པོ་མི་འདུག་ཟེར་གྱི་འདུག ང་ཅིག་ལྟ་བར་འགྲོ་དགོས”ཞེས་སྟག་ལྷ་རྒྱལ་གྱིས་ཉན་བརྟག་ཡོ་བྱད་དང་ཁྲག་ཤེད་བརྟག་ཆས་སོགས་དང་རྒྱུན་སྤྱོད་ཀྱི་བོད་སྨན་ཁག་གཅིག་ཁྱེར་ནས་བྲེལ་བ་འཚུབ་འཚུབ་ངང་གྲོང་ཚོའི་འཕྲོད་བསྟེན་ཁང་ནས་ཕྱིར་ཐོན། ཁོང་གི་གོམ་འགྲོས་མགྱོགས་པས་གསར་འགོད་པས་དེ་ཙམ་རྗེས་མི་ཆོད་པར་གྱུར། གནས་དེར་མགྱོགས་ཙམ་བསྐྱོད་ན་དབུགས་གཏོང་ལེན་ཆེན་པོ་བྱེད་དགོས་ཀྱི་འདུག
     སྟག་ལྷ་རྒྱལ་སྡོད་སའི་ལྔ་གཅིག་གྲོང་ཚོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་དུ་ཆགས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་3300ཙམ་ཟིན་གྱི་ཡོད།
     ཀྲང་ཧུའེ་ཆིང་གིས་སྔ་ས་ནས་རང་ཁྱིམ་གྱི་སྒོ་རྩར་སྨན་པ་སྟག་ལྷ་རྒྱལ་ལ་བསྒུགས་འདུག བཟའ་ཟླ་ཝང་ལུང་ལ་ཁྲག་ཤེད་མཐོ་བའི་ནད་དང་སྙིང་ནད་ཡོད་ཁར་འགྲོ་སྐྱོད་ཀྱང་བདེ་པོ་མེད་པས་ལོ་འཁོར་མོ་ཡུག་ཏུ་ཉལ་སར་ལུས་ཡོད་པར་བརྟེན། སྟག་ལྷ་རྒྱལ་གྱིས་དོ་ཁུར་བྱེད་ས་གཙོ་བོ་ཡིན། “ཉིན་འདི་དག་ལ་ངའི་བཟའ་ཟླ་དེ་ཙམ་བདེ་པོ་མི་འདུག སྨན་པ་ཁྱེད་རང་གིས་ཅིག་ལྟ་རོགས”ཞེས་ཀྲང་ཧུའེ་ཆིང་གིས་བཤད།
     “སྐྱོན་ཆེན་པོ་མི་འདུག ཁྲག་ཤེད་ཀྱང་རྒྱུན་ལྡན་རེད། ངས་བོད་སྨན་ཁ་ཤས་ཁྱེར་ཡོད། ཉིན་གསུམ་ལ་བཏང་ནས་ཕན་མིན་ལྟོས་དང”ཞེས་སྟག་ལྷ་རྒྱལ་གྱིས་བཤད། ཡུལ་མི་ཚོ་མགོ་ན་བ་དང་ཚ་བ་རྒྱས་པ་ལྟ་བུའི་མི་བདེ་བ་བྱུང་འཕྲལ་གྲོང་ཚོའི་སྨན་པ་སྟག་ལྷ་རྒྱལ་ཡིད་ལ་འཁོར་གྱི་ཡོད། གྲང་རླུང་འུར་འུར་དུ་ལྡང་བ་དང་ཁ་ཆར་བུ་ཡུག་འཚུབ་པ་གང་གི་སྐབས་སུའང་སྐད་བཏང་ན་ཁོང་རྟག་ཏུ་སླེབས་ཀྱི་ཡོད།
     སྟག་ལྷ་རྒྱལ་གྱིས་ལོ20ནས་བོད་ཀྱི་གསོ་བ་རིག་པ་སྦྱངས་པ་དང་། 1996ལོར་ཁོང་གྲོང་ཚོའི་སྨན་པར་དངོས་སུ་གྱུར། “དེ་སྔོན་གྲོང་ཚོའི་འཕྲོད་བསྟེན་ཁང་རང་ཁྱིམ་དུ་བཙུགས་ཡོད་པས། རང་ཉིད་ཀྱིས་རི་འགོ་ནས་སྨན་རྩྭ་བཏུས་ཏེ་སྨན་སྡེབ་ཀྱི་ཡོད། རྟ་བཞོན་པ་དང་སྨན་སྒམ་ཁུར་ནས་གང་སར་སྨན་བཅོས་བྱེད་པར་སྐྱོད་དགོས། དུད་ཚང་རེ་རེར་བསྐྱོད་དེ་རིམས་འགོག་སྨན་རིལ་སྤྲད་ནའང་ཁྱིམ་བདག་ཚོས་རྟག་ཏུ་ཁ་ཡ་བྱེད་ཀྱི་མེད། བོད་རིགས་མང་ཚོགས་ཀྱིས་སྨན་དེ་ཅི་ཡིན་མི་ཤེས་པས་བྱིས་པར་སྟེར་མི་རུང་ཟེར་གྱི་ཡོད”ཅེས་སྟག་ལྷ་རྒྱལ་གྱིས་བཤད། ཉིན་གང་པོར་གང་སར་སོང་ཡང་སྨན་ཁ་ཤས་ལས་སྤྲོད་ཐུབ་ཀྱི་མེད་པས་ཁོང་གིས་རྟག་པར་དེའི་ཐད་སེམས་ཁྲལ་བྱེད་དགོས་བྱུང་།
     ད་ཆ་ལྔ་གཅིག་གྲོང་ཚོའི་འཕྲོད་བསྟེན་ཁང་གཙང་སྦྲ་ལེགས་ལ་དཀར་ཆ་དོད་པ་དང་། ནད་བརྟག་ཁང་དང་། བརྟག་དཔྱད་ཁང་། སྨན་རྫས་ཁང་། སྨན་སྡེབ་ཁང་། ཁབ་རྒྱག་ཁང་། འགོག་སྨན་ཁང་། སྤྱི་པའི་འཕྲོད་བསྟེན་ཁང་བཅས་བདུན་སོ་སོར་ཕྱེ་ཡོད་པ་དང་། སྨན་རྫས་ཁང་དུ་རྒྱུན་སྤྱོད་ཀྱི་ནུབ་སྨན་གྲལ་འགྲིག་པོའི་ངང་བསྒྲིགས་ཡོད་ཁར་ད་དུང་མུ་ཏིག་ཉེར་ལྔ་དང་རྒུན་འབྲུམ་བདུན་པ་སོཌ་བོད་སྨན་སྣ་ཁ་བདུན་ཅུ་ལྷག་ཙམ་བསྒྲིཌ་ཡོད།
     ས་ཆ་དེའི་མི་སེར་ལ་སྔར་བས་ལེགས་པའི་ཞབས་འདེགས་ཞུ་ཆེད། སྟག་ལྷ་རྒྱལ་གྱིས་མཚོ་ལྷོ་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་དུ་སྔ་ཕྱིར་སློབ་སྦྱོང་བྱས་པ་མ་ཟད་དར་མའི་ཆེད་སྦྱོང་ལ་རྒྱུགས་སྤྲད་ནས་གྲོང་གསེབ་སྨན་པའི་ལས་གཉེར་ལག་ཁྱེར་དང་སྨན་པ་དཀའ་བཅུ་པའི་ལག་ཁྱེར་ཡང་བླངས་ཡོད། དེ་ལས་ཀྱང་ཁོང་དགའ་སྤྲོ་སྐྱེ་འོས་པ་ཞིག་ནི་ལོ་འདི་དག་གི་རིང་ལྔ་གཅིག་གྲོང་ཚོར་གྲོང་གསེབ་སྨན་པ་གཉིས་མངགས་ཡོང་བར་བརྟེན། ཁོང་ཚོས་མཉམ་དུ་ཁོངས་གཏོགས་ཁུལ་གྱི་དུད་ཚང་422ཀྱི་མི་1514ཡི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་། གཞི་རྩའི་སྨན་བཅོས་ཞབས་ཞུ། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ། བདེ་ཐང་གི་དབུལ་སྐྱོར་སོགས་ལས་དོན་སྒྲུབ་ཐུབ་པ་དེ་རེད།