འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་26ཉིན།

༄༅༎ཕྱི་འབྲེལ་པུས། ཨ་རི་ཕྱོགས་ཀྱིས་དང་ཐོག་རང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ལྟ་སྟངས་
ཡང་དག་འཛིན་པ་དང་འབྲེལ་ཡོ་བསྲང་བྱེད་དགོས་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་25ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡིས་ཀྲུང་གོ་སོགས་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལ་སྐྱོན་བརྗོད་བྱས་པར་དམིགས་ནས། ཚེས་24ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཨ་རི་ཕྱོགས་ལ་རང་རྒྱུས་རང་གིས་བླངས་ནས། ཐོག་མར་རང་ཉིད་ལ་གནས་པའི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་འབྲེལ་ཡོ་བསྲང་བྱེད་དགོས་ཞེས་བརྗོད།
     ཝང་ཝུན་པིན་གྱིས་ཉིན་དེའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག ཨ་རི་ཕྱོགས་ཀྱིས“འགྲོ་བ་མིའི་ཐོབ་ཐང་གི་དགེ་རྒན”བྱེད་རྒྱུར་གོམས་ནས་རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལ་གང་འདོད་དུ་སྐྱོན་འཛུགས་བྱེད་ཀྱི་ཡོད། འོན་ཀྱང་དོན་དངོས་སུ་ཨ་རི་རང་ངོས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཧ་ཅང་སྡུག་པོ་རེད། “དབུགས་འབྱིན་རྔུབ་བྱེད་མི་ཐུབ”དང“མི་ནག་གི་སྲོག་ཀྱང་ཚེ་སྲོག་ཡིན”པ་ལ་སོགས་པའི་འབོད་སྐུལ་འཛམ་གླིང་ཡོངས་ལ་ཁྱབ་ཅིང་མིག་ལྡན་ཀུན་གྱིས་མཐོང་གསལ་རེད། ཡུན་རིང་མ་སོང་གོང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ལ་བརྟེན་ནས་ཨ་རིའི་རྒྱལ་ནང་གི་རིགས་རྒྱུད་མཐོང་ཆུང་གི་གནད་དོན་ཚབས་ཆེན་ལ་རྒོལ་གཏམ་དྲག་པོ་བཏང་བ་རེད་ཅེས་བརྗོད།
     ཁོང་གིས“ཨ་རི་ཕྱོགས་ཀྱིས་རང་རྒྱུས་རང་གིས་ལོན་ཐབས་བྱེད་དགོས་པ་དང་། དང་ཐོག་རང་ངོས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་འབྲེལ་ཡོ་བསྲང་བྱེད་དགོས”ཞེས་བཤད།
     ཝང་ཝུན་པིན་གྱིས། ཀྲུང་གོའི་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་དང་། མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ལག་བསྟར་བྱས་ནས། དབུལ་ཕོངས་མི་འབོར་དུང་ཕྱུར་8.5དབུལ་སྒྲོལ་ལེགས་གྲུབ་བྱུང་སྟེ། ལོ་10སྔ་སྣུར་དུ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ》གྱི་དབུལ་ཕོངས་ཉུང་འཕྲིའི་དམིགས་འབེན་མངོན་འགྱུར་བྱས་ཤིང་། འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་མ་ལག གཞི་རིམ་གྱི་དམངས་གཙོའི་མ་ལག་བཅས་བཙུགས་ཡོད་པ་དང་། སྤྱི་དམངས་ཀྱི་གཏམ་བརྗོད་དང་ཆོས་དད་རང་མོས་དང་། གྲངས་ཉུང་མི་རིགས་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་ལ་ཞུགས་པའི་དབང་ཆར་ཁྲིམས་ལྟར་འགན་སྲུང་བྱས་ཡོད་པས། མི་དམངས་ཀྱི་ཁེ་དབང་ཁག་ལ་འགན་སྲུང་ཏན་ཏིག་ཐོབ་ཡོད། ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་གསུམ་པའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལ་གྲོས་ཞིབ་བྱེད་པར་ཞུགས་པའི་རིང་ལ། རྒྱལ་ཁབ་120ལྷག་ཙམ་གྱིས་ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱས་པའི་ཐད་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་ཁས་ལེན་གང་ལེགས་བྱས་པ་མ་ཟད། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱིས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་ཀྱང་བྱས་པ་རེད། ཧ་ཝེར་སློབ་ཆེན་ཁེན་ཉི་ཏི་སྲིད་གཞུང་སློབ་གླིང་གི་ཨ་ཧྲེ་དམངས་གཙོ་བཅོས་སྐྱོང་དང་གསར་གཏོད་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་བརྟག་དཔྱད་སྙན་ཞུར་གཞིགས་ན། ཀྲུང་གོ་སྲིད་གཞུང་ལ་ཀྲུང་གོའི་མང་ཚོགས་ཀྱི་བློ་ལ་འབབ་ཚད་93%ལས་བརྒལ་ཡོད།
     ཝང་ཝུན་པིན་གྱིས“འཛམ་གླིང་གི་རྒྱལ་ཁབ་གང་ཞིག་ཡིན་རུང་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ནི་འཐུས་ཚང་སྐྱོན་མེད་ཅིག་ཡིན་མི་སྲིད”ཅེས་བཤད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་དང་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་སྤེལ་རེས་བྱས་ཏེ་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཐུན་མོང་ཐོག་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། “འོན་ཀྱང་ང་ཚོས‘འགྲོ་བ་མིའི་ཐོབ་ཐང་གི་དགེ་རྒན’དང་ལེན་མི་བྱེད། ‘ཚད་གཞི་ཉིས་བརྩེགས’ལ་ངོ་རྒོལ་དང་། དོན་དངོས་འཁྱོག་བཤད་དང་དཀྲོག་གཏམ་བཟོ་བར་ངོ་རྒོལ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་བརྟེན་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བཅས་བྱ་རྒྱུ་ཡིན”ཞེས་བརྗོད།