མི་དམངས་དྲ་བ།

༄༅༎“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”སྐབས་གསུམ་པ་འཆར་ཉེའི་མཚམས་སུ། ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་
རྒྱ་ཆེའི་ཞིང་པ་དང“ཞིང་གསུམ”འཐབ་ཕྱོགས་སུ་ལས་ཀ་བྱེད་བཞིན་པའི་བློ་མཐུན་རྣམས་ལ་དུས་ཆེན་གྱི་
རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་23ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ། “ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”སྐབས་གསུམ་པ་འཆར་ཉེའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང“ཞིང་གསུམ”འཐབ་ཕྱོགས་ཐོག་ལས་ཀ་བྱེད་བཞིན་པའི་བློ་མཐུན་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས། མིག་སྔ་ནི་སྟོན་ཏོག་བསྡུ་བའི་ནམ་དུས་ཡིན་པས། མེས་རྒྱལ་ས་གཞི་ཆེ་མོའི་ཡུལ་གྲུ་གང་སར་ལོ་ལེགས་ཀྱི་རྣམ་པས་ཁེངས་ཡོད། འདི་ལོའི་ལོ་ལེགས་ནི་ལས་སླ་པོར་བྱུང་བ་ཞིག་མིན་ཞིང་། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་དང་། འབྲི་ཆུ་རྒྱུག་ཁུལ་གྱི་ཆུ་ལོག་གི་གནོད་འཚེ་ཚབས་ཆེན། བྱང་ཤར་ས་ཁུལ་གྱི་དབྱར་སྒང་ཐན་པ། རྒྱ་མཚོའི་རླུང་འཚུབ་བསྟུད་མའི་གནོད་འཚེ་བཅས་ཀྱིས་འབྲུ་རིགས་དང་ཞིང་ལས་ཐོན་སྐྱེད་ལ་འགྲན་སློང་ཆེན་པོ་བཟོས་ཡོད། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང་གཞི་རིམ་གྱི་ལས་བྱེད་པས་རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་དར་སྤེལ་བཏང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱིས་རྨོ་ཞིང་སྲུང་སྐྱོང་དང་། ཞིང་ལས་འཐུས་ཤོར་མི་འགྲོ་བར་ཐོན་སྐྱེད་ལ་དམ་འཛིན། གནོད་འཚེ་སྔོན་འགོག་གིས་ལོ་ལེགས་ཡོང་བ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས“ཞིང་གསུམ”ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་སྲིད་དོན་མཛད་ཇུས་ཆེ་མོ་དང་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ནས། སྤྱི་ཚོགས་ཡོངས་སུ་ཞིང་ལས་ལ་དོ་ཁུར་དང་། གྲོང་གསེབ་ལ་སེམས་ཁུར། ཞིང་པར་གཟིགས་སྐྱོང་གི་རྣམ་པ་ཟབ་མོ་ཆགས་པར་བྱས་ཏེ། ཡུལ་མི་ཚོའི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཡོང་བར་བྱེད་དགོས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་ཚོས་ཏང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"