འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་22ཉིན།

༄༅༎ཕྱི་འབྲེལ་པུས་ཨ་རིའི་རྒྱལ་དོན་བློན་ཆེན་གཞོན་པ་ཐའེ་ཝན་དུ་འཚམས་འདྲིར་བསྐྱོད་པར་ལན་བསྐྱོན་དུས། 
ལུགས་མཐུན་གྱི་ཁ་གཏད་གཅོག་ཐབས་སྤྱོད་ངེས་ཡིན་ཞེས་བརྗོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་22ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཨ་རིའི་རྒྱལ་དོན་བློན་ཆེན་གཞོན་པ་ཁེ་ལ་ཆི་ཡིས་ཐའེ་ཝན་ལ་འཚམས་འདྲི་བྱས་པར་དམིགས་ནས། ཚེས་21ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་ད་བར་རྣམ་པ་གང་རུང་གི་སྒོ་ནས་ཨ་རི་དང་ཐའེ་ཝན་གྱིས་གཞུང་ཕྱོགས་འགྲོ་འོང་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་པས་ལུགས་མཐུན་གྱི་ཁ་གཏད་གཅོག་ཐབས་སྤྱོད་ངེས་ཡིན་ཞེས་བརྗོད།
     ཝང་ཝུན་པིན་གྱིས་ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་ད་བར་རྣམ་པ་གང་རུང་གི་ཨ་རི་དང་ཐའེ་ཝན་གྱིས་གཞུང་ཕྱོགས་འགྲོ་འོང་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཉེ་ཆར་ཨ་རི་ཕྱོགས་ཀྱིས་ཨུ་ཚུགས་ཀྱིས་ཨ་རིའི་འཕྲོད་བསྟེན་དང་སྤྱི་དམངས་ཞབས་ཞུའི་པུའུ་ཀྲང་ཨ་ཀྲ་དང་རྒྱལ་དོན་བློན་ཆེན་གཞོན་པ་ཁེ་ལ་ཆི་ཐའེ་ཝན་དུ་མངགས་པ་དེ། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་དང་ཚབས་ཆེན་འགལ་ལ། ཀྲུང་གོ་ཕྱོགས་ཀྱི་ཆབ་སྲིད་ལ་འཁྲུག་རྐྱེན་སློང་བ་དང་། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་སྟོབས་ཤུགས་ཀྱི་རྫིག་ཉམས་ཆེར་བསྐྱེད་བྱས། ཀྲུང་ཨའི་འབྲེལ་བ་དང་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་བཏང་བ་བཅས་བྱས་པས། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་ཞེས་བརྗོད།
     “ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་མི་སྒེར་ཚུད་པའི་ཕྱོགས་ཁག་ལ་དམིགས་ནས་ལུགས་མཐུན་གྱི་ཁ་གཏད་གཅོག་ཐབས་སྤྱོད་ངེས་ཡིན། ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་བྱ་སྤྱོད་ཀྱིས་ཀྱང་རིམ་གྱིས་ཀྲུང་ཨའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཀྱི་མཐུན་སྦྱོར་དང་མཉམ་ལས་ལ་གནོད་འཚེ་གཏོང་རྒྱུ་རེད། ཨ་རི་ཕྱོགས་ཀྱིས་ངེས་པར་དུ་དེའི་ཐད་འགན་འཁྲི་ཡོངས་རྫོགས་འཁུར་དགོས”ཞེས་ཝང་ཝུན་པིན་གྱིས་བཤད།
     ཝང་ཝུན་པིན་གྱིས“ཀྲུང་གོ་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བློ་བརྟན་འགྱུར་མེད་ཡིན། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་པའི་ཆོད་སེམས་བློ་བརྟན་འགྱུར་མེད་ཡིན། ངོགས་གཉིས་ཀྱི་གཅིག་གྱུར་མངོན་འགྱུར་བྱེད་པའི་ཆོད་སེམས་བློ་བརྟན་འགྱུར་མེད་ཡིན”ཞེས་བཤད་པ་དང་། “ང་ཚོས་ཨ་རི་ཕྱོགས་ལ་ནན་བསྒྲགས་བྱེད་དགོས་པ་ཞིག་ནི‘ཐའེ་ཝན་རང་བཙན’ནི་འཆི་ལམ་ཞིག་ཡིན་པས། ‘ཐའེ་ཝན་རང་བཙན’རྒྱ་ཡན་དུ་གཏོང་བ་དང་དེར་རྒྱབ་སྐྱོར་བྱེད་པར་ཕམ་ཉེས་ཡོང་ངེས་རེད། ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བྱ་སྤྱོད་མཐའ་དག་ལ་ཀྲུང་གོ་ཕྱོགས་ཀྱིས་རྒོལ་ལན་ནུས་ལྡན་སློག་རྒྱུ་རེད། སྟོབས་ཤུགས་གང་ཞིག་གིས་ཀྱང་ཀྲུང་གོ་གཅིག་གྱུར་གྱི་ལོ་རྒྱུས་འཕེལ་ཕྱོགས་འགོག་མི་ཐུབ”ཅེས་བརྗོད།
     ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ནོར་འཁྲུལ་ཡོ་བསྲང་བྱེད་པ་དང་། ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་ནང་ཁས་བླངས་པའི་དམ་བཅའ་དམ་སྲུང་བྱེད་པ། ཨ་རི་དང་ཐའེ་ཝན་གཞུང་ཕྱོགས་ཀྱི་འགྲོ་འོང་དང་དམག་དོན་གྱི་འབྲེལ་བ་ཚང་མ་བྱེད་མཚམས་འཇོག་པ། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་པ། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་དང་ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་གཏམ་སྤྱོད་སྤེལ་མཚམས་འཇོག་པ་བཅས་བྱེད་དགོས་པའི་སྐུལ་ལྕག་གཏོང་རྒྱུ་ཡིན་ཟེར།
     གསར་འགོད་པ་ཞིག་གིས་ཀྲུང་གོ་ཕྱོགས་ཀྱིས“མཚོ་འགག་དཀྱིལ་ཐིག”ལ་ལངས་ཕྱོགས་ཅི་ཞིག་འཛིན་གྱི་ཡོད་ཅེས་དྲིས་པར། ཝང་ཝུན་པིན་གྱིས་ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པས“མཚོ་འགག་དཀྱིལ་ཐིག”ཟེར་བ་ཞིག་མེད་ཅེས་བརྗོད།