འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་21ཉིན།

༄༅།།“ཚེ་སྲོག་གོང་དུ་བཀུར་བ”ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་གལ་ཆེ་ཤོས་དེ་རེད།

—— ཁམ་ཕུ་ཁྲེའི་རིགས་གཅིག་མཁས་ཅན་གྱིས་ཀྲུང་གོའི་རིམས་འགོག་གི་ལག་ལེན་དངོས་ལ་ཚད་མཐོའི་གདེང་འཇོག་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་21ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། མའོ་ཕུང་ཧྥེ། ཉེ་དུས། ཁམ་ཕུ་ཁྲེའི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་སྲིད་གཞུང་གིས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བའི་རིམས་འགོག་གི་འདུ་ཤེས་དང་བྱེད་སྟངས་མཐའ་འཁྱོངས་བྱས་པར་བསྔགས་བརྗོད་བྱས་ཡོད། ཁོ་ཚོས་ཏོག་གསར་རིམས་ནད་ཀྱི་མདུན་དུ་ཁམ་ཕུ་ཁྲེ་དང་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་མཉམ་དུ་ལག་གདང་སྦྲེལ་ནས་ཕན་ཚུན་རྒྱབ་སྐྱོར་དང་བྱེད་ཐབས་ནན་པོ་སྤྱད་དེ་རིམས་ནད་ལ་འགོག་རྒོལ་ཧུར་ཐག་བྱེད་ལས། ཁམ་ཀྲུང་དབར་གྱི་ཟོལ་མེད་ཀྱི་མཛའ་གྲོགས་དང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་འགྱུར་མེད་ཀྱི་དམ་བཅའ་མངོན་ཡོད་ཅེས་བརྗོད།
    ཁམ་ཕུ་ཁྲེའི་འགྲོ་བ་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཅིན་མཱ་ལིང་གིས། ཀྲུང་གོ་སྲིད་གཞུང་གིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ནང་མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་གནས་བབ་ཧ་ཅང་གལ་ཆེན་ཐོག་བཞག་ཡོད། ཁམ་ཕུ་ཁྲེས་འདུ་ཤེས་དང་བྱེད་སྟངས་འདིར་མོས་མཐུན་ཧ་ཅང་ཆེན་པོ་ཡོད། ཁམ་ཕུ་ཁྲེ་ནས་ཀྱང་འདུ་ཤེས་འདི་ལག་ལེན་ཧུར་ཐག་བསྟར་ཏེ་ནུས་ཤུགས་ཡོད་རྒུས་ཚེ་སྲོག་སྐྱོབ་ཐབས་བྱེད་ཀྱི་ཡིན་ཞེས་བརྗོད།
    ཅིན་མཱ་ལིན་གྱིས་ཀྲུང་གོས་རྒྱལ་སྤྱིའི་རིམས་འགོག་ལ་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་བྱས་ཤིང་། ཁོང་གིས་ཀྲུང་གོས་རྒྱལ་ཁབ་གཞན་དག་ལ་སྨན་བཅོས་རིགས་གཅིག་མཁས་ཅན་མངགས་པ་དང་སྨན་བཅོས་དངོས་ཟོག་མཁོ་འདོན་བྱས་པ་མ་ཟད། ད་དུང་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ལེགས་གྲུབ་བྱུང་བ་དང་སྤྱོད་འགོ་ཚུགས་རྗེས་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་བརྩིས་ནས་སྔོན་ལ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕན་པ་ཐོབ་པ་བྱེད་རྒྱུའི་ཁས་ལེན་བྱས་ཡོད་ཅེས་བརྗོད།
    པེར་ཐའེ་རྒྱལ་སྤྱིའི་སློབ་ཆེན་གྱི་བསླབ་རྒན་དགེ་རྒན་ཆེ་མོ་བ་གཡོད་སེ་ཕུའུ·མཱ་ཤིའུ་སི་ཡིས་ཀྲུང་གོར་སྔར་ནས་བཟུང་ཉེན་ཁ་ཆེན་པོ་འཕྲད་སྐབས་གྲོགས་པོ་དང་། རོགས་ཟླ། ཁྱིམ་མཚེས་བཅས་ལ་རོགས་རམ་བྱེད་པའི་སྲོལ་རྒྱུན་ཡོད། དེ་ནི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛིན་པའི་སྲིད་ཇུས་ཡིན། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱིས་ས་ཁོངས་འཕེལ་རྒྱས་ལ་ཕན་པ་ཆེན་པོ་ཐོབ་རྒྱུ་དང་། རིམས་ནད་རྗེས་ཀྱི་དུས་རབས་སུ་དེ་གཉིས་ཀྱི་གཏིང་ཤུགས་འདོན་སྤེལ་གང་ལེགས་ཐུབ་སྟེ་ས་ཁོངས་ཀྱི་འཕེལ་རྒྱས་དང་མཉམ་ལས་ལ་རམ་འདེགས་བྱུང་ནས་མུ་མཐུད་གོམ་སྟབས་མགྱོགས་སུ་ཕྱིན་ཏེ་ཀྲུང་གོ་ས་ཁོངས་དཔལ་འབྱོར་དང་དངུལ་རྩ་སླར་གསོར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཤིག་ཏུ་འགྱུར་བའི་ཡིད་ཆེས་ཡོད་ཅེས་བརྗོད།