འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་18ཉིན།

༄༅།ཨ་རི་དང་ཐའེ་ཝན་བར་གྱི་གཞུང་འབྲེལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་པར་བརྗོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་18ཉིན། 15:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གསར་འགྱུར་ལྟར་ན། ཟླ་9ཚེས་17ཉིན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་དོན་བློན་ཆེན་གཞོན་པ་ཁེ་ལ་ཧོ་ཐའེ་ཝན་ལ་འཚམས་འདྲིར་བསྐྱོད་རྒྱུ་ཁྱབ་བསྒྲགས་བྱས་པའི་དོན་དག་ལ་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཚེས་17ཉིན་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་གང་རུང་གི་ཨ་རི་དང་ཐའེ་ཝན་བར་གཞུང་ཕྱོགས་ཀྱི་འགྲོ་འོང་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་དང་། ཨ་རི་ཕྱོགས་ཀྱིས་ཐའེ་ཝན་གནད་དོན་གྱི་ཚད་མཐོའི་ཚོར་སྐྱེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཐའེ་ཝན་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་ནན་པོ་བྱེད་དགོས་པའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
    ཝང་ཝུན་པིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་གང་རུང་གི་ཨ་རི་དང་ཐའེ་ཝན་བར་གཞུང་ཕྱོགས་ཀྱི་འགྲོ་འོང་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ལངས་ཕྱོགས་འདི་ནི་ཐོག་མཐའ་བར་གསུམ་དུ་གཅིག་ཡིན་ལ་ཁ་གསལ་བ་ཡིན། ཨ་རི་ཕྱོགས་ཀྱིས་ཨུ་ཚུགས་ཀྱིས་ཁེ་ལ་ཧོ་ཐའེ་ཝན་ལ་འཚམས་འདྲི་བྱེད་པར་བཀོད་སྒྲིག་བྱས་ན། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་དང་ཚབས་ཆེན་འགལ་བ་དང་། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་སྟོབས་ཤུགས་ཆེར་བསྐྱེད་པར་རམ་འདེགས་བྱས་པས། ཀྲུང་ཨའི་འབྲེལ་བ་དང་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་བཏང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་ཨ་རི་ཕྱོགས་ལ་འབྲེལ་གཏུག་ནན་པོ་བྱས་ཡོད། 
“ང་ཚོས་ཨ་རི་ཕྱོགས་ལ་ཐའེ་ཝན་གནད་དོན་གྱི་ཚད་མཐོའི་ཚོར་སྐྱེན་རང་བཞིན་ངོས་འཛིན་གང་ལེགས་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་དམ་སྲུང་བྱས་ཏེ། ཨ་རི་དང་ཐའེ་ཝན་གཞུང་ཕྱོགས་ཀྱི་འགྲོ་འོང་དང་དོན་དངོས་ཀྱི་འབྲེལ་བ་འཕྲལ་མར་མཚམས་བཞག་ནས། ཐའེ་ཝན་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་གཟབ་ནན་བྱེད་དགོས་པར་ལྕག་སྐུལ་བྱས་པ་ཡིན ། ཀྲུང་གོ་ཕྱོགས་ཀྱིས་དུས་བབ་འཕེལ་རྒྱས་ལ་གཞིགས་ནས་དགོས་ངེས་ཀྱི་བརྡ་ལན་སྤྲོད་རྒྱུ་ཡིན་”ཞེས་ཝང་ཝུན་པིན་གྱིས་བཤད།