འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་17ཉིན།

༄༅།།ཡིའུ་ཆོན་གྱིས་སི་ཁྲོན་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། སི་ཁྲོན་གྱི་བོད་འབྲེལ་ཁུལ་
དང་རྫོང་གི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་17ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་14དང་ཚེས་15ཉིན་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་སི་ཁྲོན་དུ་བརྟག་ཞིབ་གནང་བར་ཕེབས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་མིག་སྔའི་བོད་འབྲེལ་ལས་དོན་གྱི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ཏེ་བོད་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་ནན་བཤད་གནང་བ་རེད།
    ཡིའུ་ཆོན་གྱིས་སི་ཁྲོན་ཞིང་ཆེན་གྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་དང་བཞུགས་མོལ་གནང་སྐབས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་རྗེས། སི་ཁྲོན་ཞིང་ཨུད་ཀྱིས་སློབ་སྦྱོང་དང་དྲིལ་བསྒྲགས་མགྱོགས་མྱུར་སྒྲིག་འཛུགས་བྱས་ཏེ་ལག་བསྟར་དོན་འཁྱོལ་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་ནན་ཏན་བྱས་ཡོད་ཅེས་གསུངས། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་རང་རེའི་ཏང་གིས་བོད་སྐྱོང་བོད་བརྟན་བོད་དར་གྱི་རིགས་པའི་གཞུང་ལུགས་ཀྱི་བསམ་ཕྱོགས་གསར་པ་བཏོད་པ་དང་དུས་རབས་གསར་པའི་བོད་དང་ཞིང་ཆེན་བཞིའི་བོད་འབྲེལ་ཁུལ་དང་རྫོང་གི་འཕེལ་རྒྱས་དང་ཡར་ཐོན་གྱི་འཆར་གཞི་གསར་པ་བཀོད་ཡོད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། མིག་སྔར་འཕྲད་པའི་དུས་བབ་ཀྱི་ལས་འགན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཚོགས་འདུའི་དགོངས་དོན་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱེད་དགོས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཞི་འཛིན་ས་དང་ཤུགས་རྒྱག་སར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་བསྐྲུན་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བརྩིས་ནས་མི་རིགས་ཁག་གི་མང་ཚོགས་ལ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ཁྲིད་སྟོན་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། བོད་འབྲེལ་ཀྲོའུ་དང་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་དོན་ཁོང་དུ་ཡང་དག་ཆུད་པ་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་། དཔལ་འབྱོར་དང་ཐོན་ཁུངས་ཁོར་ཡུག་ཕན་ཚུན་མཐུན་སྦྱོར་གྱི་འགྲོ་ལམ་ཡང་དག་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཏང་གིས་བོད་འབྲེལ་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རིམ་ཁག་ཏང་ཨུད་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
    ཁྲེང་ཏུའུ་རུ་ཡིའུ་ཆོན་གྱིས་སྡེ་ཁུལ་དང་། ཁེ་ལས། གྲངས་ཉུང་མི་རིགས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུའི་ལྟེ་གནས་བཅས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།