འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་16ཉིན།

༄༅།།ཧང་ག་རིའི་བཟོ་པའི་ཏང་གི་ཀྲུའུ་ཞིས་བརྗོད་དོན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་
འདུས་གྲུབ་ཀྱི་འདུ་ཤེས་བཟུང་ཚེ་གཞི་ནས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་16ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་ཏ་ཕེ་སི་ནས་གློག་འཕྲིན་འབྱོར་གསལ། ཧང་ག་རིའི་བཟོ་པའི་ཏང་གི་ཀྲུའུ་ཞི་ཏིར་མོ·ཅེའུ་ལོ་ཡིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས། ཏོག་གསར་རིམས་ནད་ནི་མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཟུང་བ་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཚེ། གཞི་ནས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ཅེས་བརྗོད་པ་རེད།
    ཏིར་མོ་ཡིས་ཀྲུང་གོའི་འགོ་ཁྲིད་པས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་ལ་མོས་མཐུན་བྱས་ཤིང་། རྒྱལ་ཁབ་ཁག་གཅིག་གིས་རྒྱལ་སྤྱིའི་སྤྱི་ཚོགས་མཐུན་སྒྲིལ་མཉམ་ལས་བྱེད་དགོས་པའི་སྐབས་སུ་སྔར་བཞིན་ཕྱོགས་རྐྱང་རིང་ལུགས་མཐའ་འཁྱོངས་བྱས་པར་ཁོང་གིས་སྐྱོན་བརྗོད་བྱས་པ་རེད། ཁོང་གིས། ད་ལྟ་ཕྱོགས་རྐྱང་རིང་ལུགས་མཐའ་འཁྱོངས་བྱས་ན། སོ་སོའི་རྒྱལ་ཁབ་དང་མི་དམངས་ལ་གནོད་འཚེ་བཟོ་བ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལའང་གནོད་འཚེ་བཟོ་སྲིད། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་མཐུན་སྒྲིལ་མཉམ་ལས་ཀྱི་ལམ་དུ་སྐྱོད་པ་ནི་ཡང་དག་པའི་ལམ་ཞིག་རེད་ཅེས་བརྗོད་པ་རེད།
    ཏིར་མོ་ཡིས། ཀྲུང་གོས་དཀའ་སྤྱད་འབད་བརྩོན་བྱས་ཏེ་ཏོག་གསར་རིམས་ནད་འགོག་རྒོལ་ཐད་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ་ལས། ཀྲུང་གོ་གུང་ཁྲན་ཏང་ལ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ནུས་པ་ལྡན་པ་སླར་ཡང་ར་འཕྲོད་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ལེགས་ཆ་ལྡན་པ་མངོན་ཡོད།
    ཧང་ག་རི་དང་ཀྲུང་གོའི་རིམས་འགོག་མཉམ་ལས་སྐོར་གླེང་སྐབས། ཏིར་མོ་ཡིས། ཧང་ག་རིས་རིམས་ནད་དང་འཐབ་རྩོད་བྱེད་པའི་དཀའ་ཚེགས་ཆེ་བའི་དུས་སྐབས་སུ་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་རོགས་རམ་བྱས་པར་ཧང་ག་རིའི་མི་དམངས་ཀྱིས་ཐུགས་རྗེ་ཆེ་ཞུ། ཧང་ག་རིས་ཀྲུང་གོ་ནས་རིམས་འགོག་དངོས་ཟོག་འབོར་ཆེན་ཉོས་པ་དང་། ཧང་ག་རིའི་ཕྱི་འབྲེལ་དཔོན་ཤིས་ཨར་ཐོ་ཀྲུང་གོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་དུས་མཚམས་སུ་སླེབས་རྗེས་ཀྲུང་གོར་འཚམས་འདྲིར་སྐྱོད་མཁན་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དཔོན་དང་པོ་རེད། དེ་དག་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གང་ལེགས་མཚོན་ཐུབ་ཅེས་བརྗོད་པ་རེད།