འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་16ཉིན།

༄༅།།2020ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་ གཟའ་འཁོར་སྤེལ་འགོ་ཚུགས་པ།

མཐོ་རིམ་གླེང་སྟེགས་ཀྲེན་ཀྲོའུ་རུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་16ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཀྲེན་ཀྲོའུ་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། 2020ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་གཟའ་འཁོར་ཟླ་9ཚེས་14ནས་ཚེས་20ཉིན་བར་རྒྱལ་ཡོངས་ཁྱབ་ཁོངས་སུ་གཅིག་གྱུར་ངང་སྤེལ་རྒྱུ་ཡིན་པ་རེད། ཚེས་14ཉིན་གྱི་ཕྱི་དྲོ། 2020ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་མཐོ་རིམ་གླེང་སྟེགས་ཀྱི་གླེང་སྟེགས་གཙོ་བོ་ཧོ་ནན་ཀྲེན་ཀྲོའུ་ཡི་རྒྱལ་ཁབ་མཐོ་གསར་ཁུལ་དྲ་རྒྱའི་བདེ་འཇགས་ཚན་རྩལ་ཁང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཡོའན་ཧྲི་དང་། རིགས་གཅིག་མཁས་ཅན། གྲགས་ཅན་དྲ་འཕྲིན་ཁེ་ལས་ཀྱི་འགན་འཁུར་བ་བཅས་མང་པོས་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ལག་རྩལ་གསར་གཏོད། ཐོན་ལས་འཕེལ་རྒྱས། དྲ་རྒྱའི་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་དགོངས་དོན་གཙོ་བོའི་གཏམ་བཤད་སྤེལ་བ་རེད།
    འདི་ལོའི་དྲ་རྒྱའི་བདེ་འཇགས་གཟའ་འཁོར་གྱིས“དྲ་རྒྱའི་བདེ་འཇགས་དམངས་ཀྱི་ཆེད། དྲ་རྒྱའི་བདེ་འཇགས་དམངས་ལ་བརྟེན”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོ་དང་ཟུང་འབྲེལ་བྱེད་པ། དྲ་ཐོག་ཏུ་དྲིལ་བསྒྲགས་བྱ་རྒྱུ་གཙོ་གནད་དུ་འཛིན་པ། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱེད་པ་དང་། དྲ་ཐོག་འགྲེམས་སྟོན། དྲ་ཐོག་ལས་སྟེགས། རྟོག་བཟོའི་སློབ་ཁང་། དྲ་ཐོག་ལན་འདེབས། དྲ་རྒྱའི་ཐད་གཏོང་ཁང་སོགས་ཀྱི་བྱ་ཐབས་སྣ་མང་ལ་བརྟེན་ནས། དྲ་འཕྲིན་ཁེ་ལས་དང་། སྨྱན་སྦྱོར། སྤྱི་ཚོགས་རྩ་འཛུགས། མང་ཚོགས་བཅས་རྒྱ་ཁྱབ་ངང་ཞུགས་རྒྱུའི་སྐུལ་སློང་བྱས་ནས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན། ཀྲེན་ཀྲོའུ་རུ་འཚོགས་པའི་མཐོ་རིམ་གླེང་སྟེགས་ནི་འདི་ལོའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་གལ་ཆེ་ཤོས་དེ་རེད། གླེང་སྟེགས་གཙོ་བོ་ཕུད། དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་རིང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་དང་། དྲ་རྒྱའི་བདེ་འཇགས་ཚད་གཞི། དྲ་རྒྱའི་བདེ་འཇགས་ཐོན་ལས་གསར་གཏོད་དང་འཕེལ་རྒྱས། རིག་ལྡན་གྲོང་ཁྱེར་གྱི་བདེ་འཇགས། གཞོན་ནུ་ལོ་ཆུང་གི་དྲ་རྒྱའི་བདེ་འཇགས་སོགས་ཀྱི་གླེང་གཞིར་དམིགས་རྒྱུ་མ་ཟད། ད་དུང་དྲ་ཐོག་དང་དྲ་ཕྱི་སོགས་ཀྱི་བྱ་ཐབས་བརྒྱུད་ཡན་ལག་གླེང་སྟེགས་11འཚོག་རྒྱུ་རེད། འདི་ལོའི་དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་གཟའ་འཁོར་གྱིས་ད་དུང་གྲངས་འཛིན་ཅན་གྱི་འགྲེམས་ཚོགས་གཉེར་ནས་རྟོག་བཟོའི་འགྲེམས་སྟོན་ཁང་བརྒྱུད། དྲ་དམངས་ལ་གསོན་ཉམས་ལྡན་པའི་དྲ་ཐོག་ལྟ་སྐོར་ཉམས་ལེན་བྱེད་དུ་བཅུག་པ་དེ་ནི་དྲ་རྒྱའི་བདེ་འཇགས་ཁྱབ་ཁོངས་ཀྱི་གྲུབ་འབྲས་གལ་ཆེན་དང་ཐོན་རྫས་དང་ལག་རྩལ་གྲུབ་འབྲས་གསར་ཤོས་ཀྱི་འགྲེམས་སྟོན་ཉམས་ལེན་ལས་སྟེགས་ཤིག་རེད།