འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་15ཉིན།

༄༅།།མི་ཚོགས་རིགས་འདི་བཞི་ལ་ཆམ་རིམས་འགོག་ཁབ་སྔོན་ལ་རྒྱག་དགོས། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་15ཉིན། 15:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་14ཉིན། ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཉེ་ཆར《ཀྲུང་གོའི་ཆམ་རིམས་འགོག་སྨན་གྱི་སྔོན་འགོག་སྨན་ཁབ་རྒྱག་པའི་ལག་རྩལ་ཕྱོགས་སྟོན(2020ལོ་ནས་2021ལོ་བར)》ཁྱབ་བསྒྲགས་བྱས་པ་རེད། དེར་སྨན་བཅོས་མི་སྣ་དང་། རྒན་གསོའི་སྒྲིག་གཞི་དང་། ཡུན་རིང་ནད་སྐྱོང་སྒྲིག་གཞི། ཕན་བདེ་ཁང་སོགས་མི་ཚོགས་འདུ་འཛོམས་བྱ་ཡུལ་གྱི་ཉམས་ཐག་མི་ཚོགས་དང་ལས་མི། གནས་གཙོ་བའི་མི་ཚོགས་དང་། དེ་བཞིན་ཆམ་རིམས་ཀྱི་ཉེན་ཁ་ཆེ་བའི་མི་ཚོགས་གཞན་དག་ལ་སྔོན་ལ་ཆམ་རིམས་འགོག་སྨན་རྒྱག་དགོས་པའི་གྲོས་འགོ་བཏོན་ཡོད།
   ཀྲུང་གོའི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ནི་གཅིག་འཇགས་གཅིག་ལངས་ཡིན་པ་དང་། སྟོན་དགུན་གྱི་དུས་ནི་དབུགས་ལམ་གྱི་ནད་རིགས་བྱུང་མང་བའི་དུས་ཚིགས་ཡིན། དྲོད་ཚད་ཇེ་དམའ་རུ་སོང་ན་ཏོག་གསར་ནད་དུག་དང་ཆམ་རིམས་སོགས་ཀྱི་ནད་དུག་གསོན་སླ་ཞིང་མཆེད་སླ་བས།  ད་ལོའི་སྟོན་ཀ་དང་དགུན་དུས་སུ་ཏོག་གསར་གློ་ཚད་རིམས་ནད་དང་ཆམ་རིམས་སོགས་དབུགས་ལམ་གྱི་རིམས་ནད་རིམ་བརྩེགས་ཀྱིས་མཆེད་པའི་ཉེན་ཁ་ཡོད། དེ་བས་དུས་ཚིགས་རང་བཞིན་གྱི་ཆམ་རིམས་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གལ་ཆེན་རང་བཞིན་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད།
   ཕྱོགས་སྟོན་ལས་བསྟན་དོན། ལོ་ལྟར་ཆམ་རིམས་དུས་ཚིགས་རང་བཞིན་དེས་གོ་ལ་ཧྲིལ་པོར་ནད་གཞི་ལྕི་བའི་ནད་པ་ཁྲི་300ནས་ཁྲི་500བྱུང་འཇུག་པ་དང་། དབུགས་ལམ་གྱི་ནད་ཡམས་དང་འབྲེལ་བ་ཡོད་པའི་ནད་པ་ཁྲི་29ནས་65བར་གྱིས་སྲོག་ཤོར་གྱི་ཡོད་པ་རེད། སྦྲུམ་མ་དང་། ཕྲུ་གུ་དམར་འབྱར་དང་བྱིས་པ། རྒན་འཁོགས། དལ་གཤིས་ཅན་གྱི་རྨང་གཞིའི་ནད་ཕོག་པའི་ནད་པ་སོགས་ཉེན་ཆེའི་མི་ཚོགས་ལ་ཆམ་ནད་བྱུང་རྗེས་ནད་གཞི་ཚབས་ཆེན་ཕོག་པ་དང་ཤི་བའི་ཉེན་ཁ་ཅུང་ཆེ། ལྷག་པར་དུ་ད་ལོར་གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་རིམས་ནད་མཆེད་པའི་གནས་ཚུལ་སྔར་བཞིན་གནས་ཡོད་པ་དང་།  ད་ལོའི་དགུན་ཁ་དང་ཕྱི་ལོའི་དཔྱིད་ཀར་ཏོག་གསར་གློ་ཚད་རིམས་ནད་དང་ཆམ་རིམས་སོགས་དབུགས་ལམ་གྱི་འགོ་ནད་བརྩེགས་མར་མཆེད་པའི་གནས་ཚུལ་ཐོན་རྒྱུ་རེད། ཆམ་རིམས་འགོག་སྨན་རྒྱག་པ་ནི་ཆམ་རིམས་སྔོན་འགོག་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཡིན་ཞིང་། དེས་ཆམ་རིམས་དང་འབྲེལ་བ་ཡོད་པའི་ནད་ཡམས་ལས་བྱུང་བའི་གནོད་འཚེ་དང་སྨན་བཅོས་ཐོན་ཁུངས་བཟུང་སྤྱོད་ཀྱི་གནས་ཚུལ་ཉུང་དུ་གཏོང་ཐུབ།
   ཏོག་གསར་གློ་ཚད་རིམས་ནད་མུ་མཐུད་དུ་འཛམ་གླིང་ཡོངས་སུ་ཁྱབ་པའི་རྒྱབ་ལྗོངས་དང་ཟུང་འབྲེལ་བྱས་ནས། ཕྱོགས་སྟོན་གྱིས་གཤམ་གྱི་མི་ཚོགས་ལ་སྔོན་དུ་འགོག་ཁབ་རྒྱག་རྒྱུ་འོས་སྦྱོར་བྱས་ཡོད་དེ། སྨན་བཅོས་མི་སྣ། དེའི་ནང་ནད་ཐོག་སྨན་བཅོས་ཀྱི་སྐྱོབ་བཅོས་མི་སྣ་དང་། སྤྱི་པའི་འཕྲོད་བསྟེན་མི་སྣ། འཕྲོད་བསྟེན་ནད་ཡམས་བརྟག་ཞིབ་མི་སྣ་སོགས་ཚུད་ཡོད་པ་དང་། རྒན་གསོའི་སྒྲིག་གཞི་དང་། ཡུན་རིང་ནད་སྐྱོང་སྒྲིག་གཞི། ཕན་བདེ་ཁང་སོགས་མི་ཚོགས་འདུ་འཛོམས་བྱ་ཡུལ་གྱི་ཉམས་ཐག་མི་ཚོགས་དང་ལས་མི། གནས་གཙོ་བོའི་མི་ཚོགས་ཏེ། དཔེར་ན་བུ་བཅོལ་ཁང་གི་སྒྲིག་གཞི་དང་། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དང་སློབ་མ། བཙོན་ཁང་གི་དོ་དམ་དུ་ཚུད་པའི་མི་སྣ་དང་ལས་བྱེད་མི་སྣ་སོགས། ཆམ་རིམས་ཀྱི་ཉེན་ཁ་ཆེ་བའི་མི་ཚོགས་གཞན་དག་གི་ནང་ལོ་60དང་དེ་ཡན་གྱི་ཁྱིམ་སྡོད་རྒན་རྒོན་དང་། ཟླ་6ནས་5བར་སོན་པའི་བྱིས་པ། དལ་གཤིས་ནད་ཕོག་མཁན། ཟླ་6མན་གྱི་ཕྲུ་གུ་དམར་འབྱར་གྱི་ཁྱིམ་མི་དང་ལྟ་སྐྱོང་མི་སྣ། དེ་བཞིན་སྦྲུམ་མའམ་ཡང་ན་ཆམ་རིམས་ཀྱི་དུས་ཚིགས་སུ་མངལ་སྦྲུམ་གྲབས་ཡོད་པའི་བུད་མེད་སོགས་ཚུད་ཡོད་པ་རེད། ལོ་ཚད་ཟླ་≥6ཅན་འཛེམ་བྱ་མེད་པའི་མི་ཚོགས་ཚང་མར་ཆམ་རིམས་འགོག་སྨན་རྒྱག་ཆོག་པ་རེད།