འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་15ཉིན།

༄༅།།ཅན་དབྱི་ཝེ་འཇར་པན་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་ལ་བདམས་ཐོན་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་15ཉིན། 15:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཅན་དབྱི་ཝེ་འཇར་པན་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་ལ་བདམས་ཐོན་བྱུང་བ།
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་9ཚེས་14ཉིན། འཇར་པན་དམངས་གཙོ་ཏང་གི་འགོ་འཛིན་འདེམས་བསྐོ་ཚེས་14ཉིན་ཏུང་ཅིང་དུ་སྤེལ་བ་རེད། ད་ལྟའི་ནང་བློན་དཔོན་པོ་ཅན་དབྱི་ཝེ་ཡིས་འགྲན་ཡ་ཟིལ་གྱིས་མནན་ནས་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་སྐབས་26པར་བདམས་པ་རེད། 
   ད་ཐེངས་ཀྱི་འདེམས་བསྐོ་ནི་རང་དབང་དམངས་གཙོ་ཏང་གི་རྒྱལ་ཚོགས་ཀྱི་གྲོས་མིས་འདེམས་ཤོག་འཕེན་པ་དང་ས་གནས་ཀྲི་པུའུ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིས་འདེམས་ཤོག་འཕངས་ནས་གྲུབ་པའི“ཁང་གཉིས་ཀྱི་གྲོས་མིའི་སྤྱི་ཁྱབ་ཚོགས་པའི”བྱ་ཐབས་སྤྱད་དེ་འདེམས་ཤོག་འཕངས་པ་རེད། འདེམས་ཤོག་ཁྱོན་བསྡོམས་535ཡོད། དེའི་ཁྲོད་དུ་རྒྱལ་ཚོགས་གྲོས་མིའི་འདེམས་ཤོག་394ཡོད་པ་དང་། ས་གནས་ཀྱི་འདེམས་ཤོག་141ཡོད། འདེམས་བསྐོའི་གྲུབ་འབྲས་ལས་མངོན་གསལ། ཉིན་དེར་གོ་ཆོད་པའི་འདེམས་ཤོག་534ཡོད་པ་དང་། ཅན་དབྱི་ཝེ་ལ་གྲོས་མིའི་འདེམས་ཤོག་288དང་། ས་གནས་ཀྱི་འདེམས་ཤོག་89། ཁྱོན་བསྡོམས་འདེམས་ཤོག་377ཐོབ་པས། དེ་ནི་འདེམས་ཤོག་89ཐོབ་པའི་རང་དབང་དམངས་གཙོ་ཏང་གི་སྲིད་འཛིན་རྟོག་ཞིབ་ཚོགས་པའི་འགོ་འཛིན་ཨན་ཐན་ཝུན་ཞུང་དང་། འདེམས་ཤོག་68ཐོབ་པའི་དེ་སྔའི་ལས་འཛིན་པ་ཧྲི་ཕའོ་མོ་ལས་མང་ཡོད་པ་རེད། 
   ཅན་དབྱི་ཝེས་བདམས་ཐོན་བྱུང་རྗེས་སུ། “དབུ་བཞུགས་བློན་ཆེན་ཨ་པེ་ནད་གཞིའི་དབང་གིས་ལས་འགན་ཕྱིར་འཐེན་པ་རེད། ཡིན་ནའང་། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་གནས་ཡོད། རྒྱལ་ཁབ་དཀའ་ངལ་ཐུག་དུས། ཆབ་སྲིད་སྟོང་པ་འགྱུར་མི་རུང་། ཉེན་ཁ་ཁྱད་གསོད་བྱ་ཆེད་དང་རྒྱལ་དམངས་བློ་བདེ་པོ་དང་འཚོ་བ་བདེ་པོ་ཡོང་ཆེད། ངས་དབུ་བཞུགས་བློན་ཆེན་ཨ་པེ་ཡི་སྲིད་ཇུས་རྒྱུན་འཛིན་བྱས་ཏེ་མུ་མཐུད་དུ་འབད་པ་བྱ་རྒྱུ་ཡིན། འདི་ནི་ངའི་འོས་འགན་རེད་”ཅེས་བཤད། 
    ཅན་དབྱི་ཝེ་ཡིས་ཨ་པེ་ཤིན་ཟོ་ཡི་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་འགན་ཁུར་བའི་དུས་ཡུན་ལྷག་ལུས་ཏེ་2021ལོའི་ཟླ་9བར་འཁུར་དགོས་པ་དང་། ཟླ་9ཚེས་16ཉིན། འཇར་པན་གྱིས་གནས་སྐབས་རྒྱལ་ཚོགས་འཚོགས་ནས་དབུ་བཞུགས་བློན་ཆེན་མིང་འདོན་འདེམས་བསྐོ་བྱ་རྒྱུ་རེད། ཅན་དབྱི་ཝེ་ནི་སྲིད་འཛིན་ཏང་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་ཆེ་ཤོས་ཡིན་པའི་ངོས་ནས། བདེ་བླག་ངང་ཨ་པེ་རྗེས་ཀྱི་འཇར་པན་གྱི་དབུ་བཞུགས་བློན་ཆེན་སྐབས་99པ་རྒྱུན་འཛིན་བྱ་རྒྱུ་རེད། འཇར་པན་སྨྱན་སྦྱོར་གྱིས་སྤེལ་བའི་གནས་འཕྲིན་ལྟར་ན། ཅན་དབྱི་ཝེ་ཡིས་ཚེས་16ཉིན་ནང་བློན་གསར་པའི་སྒྲིག་འཛུགས་ཚར་བ་བྱ་རྒྱུ་རེད།
   ཅན་དབྱི་ཝེ་ཡིས། མ་འོངས་པར་ཁོང་གིས་“རང་རོགས། མཉམ་རོགས། སྤྱི་རོགས”ཀྱི་སྤྱི་ཚོགས་བསྐྲུན་ནས། འབད་པ་ཆེན་པོས་སྲིད་གཞུང་ནང་གི་“ཁ་ཕྲལ་ཕྱོགས་བགོ”གཏོར་རྒྱུ་དང་། དབང་ཆ་བཟུང་ནས་ལས་དོན་མི་སྒྲུབ་པའི་“སྔོན་དཔེ་རིང་ལུགས་”མེད་པ་བྱས་ནས། མུ་མཐུད་དུ་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུ་དང་། རྒྱལ་དམངས་ལ་ཞབས་འདེབས་ཞུ་བའི་ནང་བློན་ཞིག་བསྐྲུན་རྒྱུ་ཡིན་པ་བསྟན། 
   ཅན་དབྱི་ཝེ་ནི་1948ལོར་འཇར་པན་ཆུའོ་ཐན་རྫོང་དུ་སྐྱེས་པ་དང་། ད་ལྟར་ལོ་71རེད། འཇར་པན་ཁྲིམས་སྲིད་སློབ་ཆེན་ཁྲིམས་ལུགས་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན། ཁོང་གིས་གྲོས་ཁང་འོག་མའི་གྲོས་མི་ཞའོ་ཚི་མོའུ་ཡན་སན་ལང་གི་དྲུང་ཡིག་དང་། ཧུན་པིང་གྲོང་ཁྱེར་གྱི་གྲོས་མིའི་འགན་འཁུར་རྗེས་གྲོས་ཁང་འོག་མའི་གྲོས་མིའི་འགན་འཁུར་མྱོང་བ་རེད། 2006ལོར་ཨ་པེ་སྲིད་གཞུང་གི་ནང་བློན་སྤྱི་གཉེར་བློན་ཆེན་འགན་འཁུར་བ་དང་། 2012ལོར་ཨ་པེས་ཐེངས་གཉིས་པར་སྲིད་འཛིན་འགན་འཁུར་རྗེས་ནས་ད་བར་ནང་བློན་ཁང་གི་དཔོན་པོའི་འགན་འཁུར་བ་རེད། ཁོང་ནི་ད་ལྟའི་བར་འགན་འཁུར་དུས་ཡུན་ཆེས་རིང་བའི་ནང་བློན་དཔོན་པོ་ཞིག་རེད།