འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་15ཉིན།

༄༅།།གྲོན་ཆུང་བསྲི་ཚགས་ཀྱི་སྲོལ་བཟང་དར་སྤེལ་གཏོང་བ།

—— བོད་ཀྱི་ལྷ་སའི་སློབ་གྲྭ་ཁག་གིས“འབྲུ་རིགས་ལ་གྲོན་ཆུང་བྱེད་པའི”བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་15ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཐང་ཐའོ་དང་ཧོའུ་ཅེ། 
    “ཨ་ཅག་ལགས། འབྲས་ཉུང་ཙམ་བླུགས་རོགས། ང་མང་པོ་དེ་འདྲ་ཟ་ཐུབ་པ་མི་འདུག”ཅེས་བོད་ལྗོངས་སློབ་ཆེན་གྱི་ཟ་ཁང་དུ་ཟ་མ་ཉོ་བཞིན་པའི་སློབ་མ་ཞིག་གིས་དེ་ལྟར་བརྗོད། ཉེ་ཆར། སློབ་མར་འབྲུ་རིགས་གྲོན་ཆུང་བྱེད་པའི་གོམས་གཤིས་འཇགས་པ་བྱ་ཆེད། བོད་ལྗོངས་ལྷ་སའི་སློབ་གྲྭ་ཁག་གིས“ཚལ་ཉུང་ཉུང་ལེན་པ”དང་། མཉམ་དུ་ཟ་མ་ཟ་བའི་ལམ་ལུགས། “སྡེར་གཙང”ལ་བྱ་དགའ་སྤྲོད་པ་སོགས་ཀྱི་བྱེད་ཐབས་མང་པོ་ཁྱབ་གདལ་བཏང་ནས། “སྡེར་གཙང་བྱ་སྤྱོད”སྤེལ་ཏེ་འཕྲོ་བརླག་གཏོང་རྒྱུ་འགོག་པ་དང་ཟ་མ་ཚད་རན་པོ་ལེན་རྒྱུ་དེ་སློབ་མ་ཚོའི་ཐུན་མོང་གི་གདམ་གར་གྱུར་ཡོད།
     ཉིན་དགུང་གི་ཟ་མ་ཟ་བའི་དུས་སུ། གསར་འགོད་པ་བོད་ལྗོངས་སློབ་ཆེན་གྱི་ཟ་ཁང་དུ་སྐྱོད་སྐབས། སློབ་མ་ཁག་གཅིག་གི་སྡེར་མའི་ནང་ཞོག་ཁོག་སིལ་སིལ་དང་སོ་ལོ་སྔོན་པོ་ཤ་བརྔོས་སོགས་བླུགས་འདུག ཚལ་སྣ་ཁ་འཛོམས་པ་དང་སྤོང་ཉུང་ཉུང་རེད་འདུག “ང་ཚོས་ཟ་མ་ལེན་སྐབས། ཉུང་ཙམ་བླུགས་ཀྱི་ཡོད། ཟ་འདོད་ན་ཡང་བསྐྱར་བླུགས་ནས་འཕྲོ་བརླག་མི་འགྲོ་བ་བྱེད་ཀྱི་ཡོད”ཅེས་སློབ་མ་སྐལ་བཟང་གིས་གསར་འགོད་པར་བརྗོད།
    སློབ་མར་ཟ་མ་བགོ་མཁན་ཟ་ཁང་གི་ལས་དོན་པས་རང་འགུལ་ངང་སློབ་མ་ཚོར་ཉུང་ཙམ་དང་ཕྱེད་ཀ་བླུགས་རྒྱུའི་དྲན་སྐུལ་བྱེད་པ་མ་ཟད། སློབ་མ་ཚོས་ཉུང་ཙམ་ལེན་པ་དང་མི་འདང་ན་སླར་ཡང་ལེན་རྒྱུའི་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད། ལྟོ་སྣོད་འཁྲུད་མཁན་ཟ་ཁང་གི་ལས་བཟོས་ཉིན་ཁ་ཤས་ཀྱི་གནས་ཚུལ་ལ་བལྟས་ན་སློབ་མ་ཚོས་འཕྲོ་བརླག་གཏོང་བའི་གནས་ཚུལ་ཉུང་དུ་ཕྱིན་འདུག་ཅེས་བརྗོད།
     གཞན་ཡང་། ཉེ་དུས་ད་དུང་བོད་ལྗོངས་སློབ་ཆེན་གྱི་སློབ་མ་ཚོས་སློབ་གྲྭའི་ནང“སྡེར་གཙང་བྱ་སྤྱོད”ལ་བྱ་དགའ་སྤྲོད་པའི་བྱེད་སྒོ་སྤེལ་ཞིང་། སློབ་མས་རང་ཉིད་ཀྱི་སྡེར་གཙང་པར་བརྒྱབ་ནས་སློབ་མའི་སློབ་ཚོགས་ཀྱི་གནས་གཏན་འཁེལ་ནས་ཅ་དངོས་ལེན་པའི་སྤ་སེ་ལེན་ཆོག་པ་དང་སྤ་སེར་གཞིགས་ནས་ཟ་ཁང་ནས་ཤིང་འབྲས་དང་བཏུང་བྱ་ལེན་ཆོག་གི་ཡོད།
     ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་ཟ་ཁང་གི་སྒྲོག་ཙེ་དང་། རྐུབ་སྟེགས། སློབ་གྲྭའི་ཟ་ཁང་གི་སྒེའུ་ཁུང་སོགས་མངོན་ཆེ་སར“འབྲུ་རིགས་ལ་གྲོན་ཆུང་བྱེད” “གྲོན་ཆུང་ལག་བསྟར་བྱེད” “སྡེར་གཙང་བྱ་སྤྱོད”སོགས་ཀྱི་སྦྱར་ཡིག་སྦྱར་ནས་སློབ་མ་ཚོར་ཡ་རབས་ངང་ཟ་མ་ཟ་རྒྱུའི་དྲན་སྐུལ་བྱེད་ཀྱི་ཡོད།
    ཉིན་དགུང་གི་ཆུ་ཚོད་12ལ་ཟ་ཁང་གི་ལས་དོན་མི་སྣས་སློབ་མ་ཚོར་ལྟོ་ཆས་སྐྱེལ་འགོ་ཚུགས་ཤིང་། ཟས་རིགས་སྣ་ཁ་མང་བ་དང་སློབ་མ་ཚོས་ཚད་གཞི་ལྟར་གདམ་ག་བྱེད་ཆོག་གི་ཡོད། “སློབ་གྲྭས་ཟ་མ་ཟ་མཁན་གྱི་སློབ་མའི་གྲངས་འབོར་དང་གྲངས་ཚད་ཀྱི་དགོས་མཁོ་གཞིར་བཟུང་ཉིན་ལྟར་རྒྱུ་ཆ་ཉོ་སྒྲུབ་བྱེད་པ་མ་ཟད། རྒྱུ་ཆ་འཕྲོ་བརླག་གཏོང་རྒྱུ་བཀག་ནས་གྲོན་ཆུང་བྱེད་ཀྱི་ཡོད”ཅེས་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་ཟ་ཁང་མ་བྱན་གྱིས་དེ་ལྟར་བརྗོད།
    “སྔོན་མ་ཕྲུ་གུའི་ཟ་མ་ཟ་བའི་གོམས་གཤིས་ཡག་པོ་མེད། རྒྱུན་དུ་ལྟོ་ལྷག་འཇོག་པ་སོགས་བྱེད་ཀྱི་འདུག སློབ་གྲྭས‘སྡེར་གཙང་བྱ་སྤྱོད’སྤེལ་རྗེས། སྣང་ཚུལ་དེ་རིགས་ཉུང་དུ་ཕྱིན་པ་མ་ཟད། ཁྱིམ་དུ་ང་ཚོར་ཡང་ལྟ་སྐུལ་བྱས་ཏེ་འབྲུ་རིགས་འཕྲོ་བརླག་གཏོང་རྒྱུ་མེད་པའི་དྲན་སྐུལ་བྱེད་ཀྱི་འདུག”ཅེས་སློབ་མའི་ཁྱིམ་བདག་ཧོང་ལགས་ཀྱིས་བརྗོད།
    ཀྲུང་གོ་སྤྱི་ཚོགས་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དབྱང་ཅན་ཧྭ་ཡིས་འབྲུ་རིགས་འཕྲོ་བརླག་གི་གནད་དོན་ཐག་གཅོད་བྱེད་པར་སློབ་གྲྭ་ཙམ་དུ་མ་ཟད། སྤྱི་ཚོགས་ཡོངས་སུ་འཕྲོ་བརླག་ནི་ཞེ་ཁྲེལ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་རིག་གནས་རྣམ་པ་གཏོད་དགོས་པའི་ངོས་འཛིན་བྱས་པ་རེད།