འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་15ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཏོག་གསར་གློ་ཚད་རིམས་ནད་ཀྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་15ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཉིའུ་གཡོད་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་པར་བླངས་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཚང་འཛོམས་ཚོགས་འདུ་འཚོག་ཡུལ་ཡིན་པ།
འདི་ནི་ཉིའུ་གཡོད་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་པར་བླངས་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཚང་འཛོམས་ཚོགས་འདུ་འཚོག་ཡུལ་ཡིན་པ།
    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་ཚོགས་མིའི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་མཉམ་ལས་དང་མཐུན་སྒྲིལ་རོགས་རེས་ལ་ཤུགས་སྣོན་བརྒྱབ་ནས་ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་དགོས་པའི་སྐུལ་མ་བཏང་བ་རེད།
     གྲོས་ཆོད་ནང་རྒྱལ་སྤྱིའི་མཉམ་ལས་བྱས་ནས་ཕྱོགས་མང་རིང་ལུགས་ལག་བསྟར་དང་མཐུན་སྒྲིལ་རོགས་རེས་བྱེད་པ་ནི་འཛམ་གླིང་ཡོངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་སོགས་གོ་ལ་ཧྲིལ་པོའི་ཉེན་ཁར་ཁ་གཏད་ནུས་ལྡན་གཅོག་པའི་ཐབས་ལམ་གཅིག་པུ་དེ་ཡིན་པས་རྒྱལ་ཁབ་ཁག་གིས་མི་རྩ་བར་འཛིན་པ་དང་། ཕོ་མོ་འདྲ་མཉམ་ལ་མཐོང་ཆེན། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་གང་ལེགས་བཅས་ཀྱི་ཁ་གཏད་གཅོག་ཐབས་སྤྱོད་པའི་འབོད་སྐུལ་བྱེད་དགོས་པ་བསྟན་ཡོད།
   གྲོས་ཆོད་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་བཏོན་པའི་གོ་ལ་ཧྲིལ་པོར་དམག་མཚམས་འཇོག་རྒྱུའི་གྲོས་འགོར་རྒྱབ་སྐྱོར་བྱས་ནས་དྲག་པོའི་གདོང་ཐུག་ས་ཁུལ་ལ་ཐེབས་པའི་རིམས་ནད་ཀྱི་ཤུགས་རྐྱེན་ལ་དོ་ཁུར་ཟབ་མོ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཡོད།
    གྲོས་ཆོད་ནང་ཚོགས་མིའི་རྒྱལ་ཁབ་དང་། ཆབ་སྲིད་ཀྱི་འགོ་ཁྲིད་པ། ཆོས་ལུགས་གཙོ་འཛིན་སོགས་ཀྱིས་ཁོང་ཡངས་དང་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། རིགས་རྒྱུད་རིང་ལུགས་དང་། ཕྱི་དགྲ། འཁོན་འཛིན་གཏམ་བརྗོད། དྲག་ཤུགས། མཐོང་ཆུང་བཅས་ལ་ངོ་རྒོལ་བྱེད་དགོས་པའི་སྐུལ་མ་བཏང་ཡོད།
    གྲོས་ཆོད་ནང་ཚོགས་མིའི་རྒྱལ་ཁབ་ཀྱིས་འཕྲོད་བསྟེན་ཁོངས་གཏོགས་དང་སྤྱི་ཚོགས་ཀྱི་ཐུགས་ཁུར་མ་ལག་ལ་ཤུགས་སྣོན་རྒྱག་དགོས་པའི་སྐུལ་མ་བཏང་བ་དང་། ཚོགས་མིའི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཚང་མར་དུས་ཐོག་ཏུ་སྤུས་ལེགས་དང་། བདེ་འཇགས། ནུས་ལྡན། མཁོ་འདོན་བྱེད་ཐུབ་པ་བཅས་ཀྱི་སྨན་ཆས་དང་། སྨན་བཅོས་བྱ་ཐབས། སྨན་རྫས། རིམས་འགོག་སྨན་ཁབ་བཅས་རག་རྒྱུར་གཞོལ་དགོས་པའི་སྐུལ་མ་བཏང་བ། ཚོགས་མིའི་རྒྱལ་ཁབ་དང་འབྲེལ་ཡོད་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཕྱོགས་ཚང་མས་མཉམ་ལས་ལ་སྐུལ་ལྕག་བྱས་ནས་རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་བྱེད་པའི་མ་དངུལ་མང་དུ་བཏང་སྟེ་གྲངས་འཛིན་ལག་རྩལ་སྤྱད་ནས་ཏོག་དབྱིབས་ནད་དུག་འགོག་རྒོལ་ལ་མཁོ་བའི་རྒྱལ་སྤྱིའི་ཚན་རིག་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པའི་སྐུལ་མ་བཏང་བ་རེད།
    གྲོས་ཆོད་ནང་ཚོགས་མིའི་རྒྱལ་ཁབ་དང་ཁེ་ཕན་གཞན་དག་དང་འབྲེལ་བ་ཡོད་པའི་ཕྱོགས་ཀྱིས་བློ་ཁོག་ཆེན་པོ་དང་མཐུན་སྦྱོར་གཅིག་གྱུར་གྱི་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་ཏོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཐད་ཀའི་ཤུགས་རྐྱེན་ལ་ཁ་གཏད་གཅོག་པ་དང་ཆབས་ཅིག་ཉམས་ཉེན་ལས་ཐར་བའི་སླར་གསོའི་འཐབ་ཇུས་བཟོས་པ་བརྒྱུད་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་གྱི་འགྲོ་ལམ་དུ་སྐྱོད་གང་ཐུབ་བྱས་ནས་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ཕྱོགས་ཡོངས་ནས་གང་མགྱོགས་དོན་འཁྱོལ་བྱེད་དགོས་པའི་སྐུལ་མ་བཏང་ཡོད།