འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་11ཉིན།

༄༅།།མཚོ་སྔོན་ཡུལ་ཤུལ་དུ་རྒྱལ་ཡོངས་སྐད་གཉིས་སློབ་སྦྱོང་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་གྱི་སྒོ་བྱང་བཀལ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་11ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚོ་སྔོན་ཡུལ་ཤུལ་དུ་རྒྱལ་ཡོངས་སྐད་གཉིས་སློབ་སྦྱོང་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་གྱི་སྒོ་བྱང་བཀལ།
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་10ཉིན། “མཚོ་སྔོན་ཞིང་ཆེན། ཡུལ་ཤུལ་ཁུལ་གྱིས་རྒྱལ་ཡོངས་སྐད་གཉིས་སློབ་སྦྱོང་གི་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་བྱེད་པའི་ལས་ཀ་དེ་ངེས་གནས་གནད་ལ་འཁེལ་བ་དང་དོན་དངོས་ལ་གཞི་ཚུགས་ཡོད། ལག་ལེན་བྱེད་སྒོའི་རྣམ་པ་མུ་མཐུད་གསར་གཏོད་བྱས་ནས་རྒྱལ་ཡོངས་སུ་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་འཚོལ་ཞིབ་སྒོས་ཆགས་པར་བྱ་རྒྱུའི་རེ་བ་ཡོད།” ཚེས་10ཉིན། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་(རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་ཞེས་བསྡུ་རྒྱུ)སློབ་གསོ་ཚན་རྩལ་སིའི་སི་ཀྲང་ཐེན་ལེན་ཀང་གིས་ཡིག་ཐོག་ནས་ཤིས་ཚིག་སྤེལ་བ་ལས་བསྟན། 
   ཉིན་དེར། རྒྱལ་ཡོངས་སྐད་གཉིས་སློབ་སྦྱོང་གི་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ(ལག་ལེན་རྟེན་གཞི)གྱི་སྒོ་བྱང་འགེལ་བའི་མཛད་སྒོ་དང་ཡུལ་དངོས་ཀྱི་སྤེལ་རེས་བྱེད་སྒོ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་དུ་སྤེལ་བ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོའི་དམིགས་ཡུལ་ནི་མི་རིགས་ཁག་གི་ལས་བྱེད་པའི་མང་ཚོགས་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་ཁོང་དུ་ཆུད་པ་དང་། ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་སྐད་ཡིག་སྦྱོང་བ། འཆམ་མཐུན་མཉམ་གནས། སེམས་པ་བརྗེ་རེས་བྱེད་ཐུབ་པའི་ཆེད་རེད། 
    2019ལོར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་སྐད་གཉིས་སློབ་སྦྱོང་གི་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་(ལག་ལེན་རྟེན་གཞི་)འཛུགས་སྐྲུན་ལས་དོན་སྤེལ་འགོ་བརྩམས་ཤིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་11ཏུ་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་21བཀོད་སྒྲིག་བྱས་ཡོད་པར་ཡུལ་ཤུལ་གྲོང་ཁྱེར་གྱི་མཐུན་སྒྲིལ་སྡེ་ཁུལ་དེའི་ནང་བདམས་ཐོན་བྱུང་བ་རེད།
   ཡུལ་དངོས་སུ་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧ་སི་པཱ་ཐུའུ་ཡིས་མཐུན་སྒྲིལ་སྡེ་ཁུལ་ལ་སྒོ་བྱང་སྤྲད་པ་མ་ཟད། ཡུལ་ཤུལ་ཁུལ་སྲིད་གཞུང་དང་། མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་སོགས་སྡེ་ཚན་གྱི་འགན་འཁུར་བས་མཉམ་དུ་སྐད་གཉིས་སློབ་སྦྱོང་གི“བརྙན་ཐུང་”འགོ་སློང་སྤོ་ལོའི་གློག་སྤར་ཡོད།
   སྒོ་བྱང་སྤྲོད་པའི་མཛད་སྒོ་མཇུག་བསྒྲིལ་རྗེས། བོད་རྒྱ་སྐད་གཉིས་ཀྱི་གཏམ་བཤད་འགྲན་བསྡུར་གླུ་སྐད་ཁྲོད་འགོ་ཚུགས་པ་རེད། ཞིན་ཝུན་ཅིན་ནི་ཡུལ་ཤུལ་གྲོང་ཁྱེར་ཆ་ཚང་སློབ་ཆུང་དང་པོའི་ཧུའེ་རིགས་སློབ་མ་གཅིག་པུ་དེ་རེད། ཁོ་མོས་དགེ་རྒན་དང་མཉམ་དུ་གཟའ་འཁོར་གཅིག་གི་དུས་ཚོད་སྤྱད་དེ་ད་ཐེངས་ཀྱི་གཏམ་བཤད་གྲ་སྒྲིག་བྱས་པ་དང་། བོད་སྐད་ལམ་གྱི་སྙན་ངག་གྱེར་འདོན་ཡག་པོ་བྱས་པར་ཚོགས་ར་ཡོངས་ཀྱི་དགའ་བསུ་ཐོབ་ཡོད།
    “ཡུལ་ཤུལ་གྱི་ས་ཡོམ་ཆེན་པོས་ང་ཚོར་སྤུན་ཟླའི་བརྩེ་སེམས་ཚོར་བཅུག་བྱུང་། དེ་ལས་ཀྱང་མཐུན་སྒྲིལ་གྱི་སྟོབས་ཤུགས་ཡོད་ན་ང་ཚོ་དཀའ་ངལ་གྱི་གནས་ལས་ཐར་ཐུབ་པ་སྔར་བས་གསལ་པོར་རྟོགས་ཐུབ་ཡོད། ”ཅེས་འགྲན་བསྡུར་ལས་ཨང་དང་པོ་ཐོབ་མཁན་མཐུན་སྒྲིལ་སྡེ་ཁུལ་གྱི་སྡོད་དམངས་ཀུན་དགའ་ལྷ་མོས་དེ་ལྟར་བཤད། 
   “རྗེས་ཕྱོགས་ང་ཚོས་མུ་མཐུད་སྐད་ཡིག་ཐོག་ནས་མི་རིགས་ཁག་གི་མང་ཚོགས་དབར་འབྲེལ་གཏུག་དང་། བསམ་ཤེས། ཁས་ལེན་བཅས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མཐུན་སྒྲིལ་སྡེ་ཁུལ་ནི་མི་རིགས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་དཔེ་སྟོན་སྐར་ཁུང་ཞིག་ཏུ་གཏོང་རྒྱུ་ཡིན། ”ཞེས་ཡུལ་ཤུལ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྥན་རུན་ཡོན་གྱིས་དེ་ལྟར་བཤད།
【1】  【2】
༄༅།།མཚོ་སྔོན་ཡུལ་ཤུལ་དུ་རྒྱལ་ཡོངས་སྐད་གཉིས་སློབ་སྦྱོང་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་གྱི་སྒོ་བྱང་བཀལ།