འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་9ཉིན།

༄༅།།འཇར་པན་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་གདམ་བྱའི་འོས་མི་3གཏན་འཁེལ་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་09ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་9 ཚེས་ 8ཉིན། འཇར་པན་ཐོ་ཁེའོ་རང་དམངས་ཏང་གི་སྤྱི་ཁྱབ་པུའུ་རུ་རང་དམངས་ཏང་གི་འགོ་འཛིན་གྱི་འོས་མི་ཅན་དབྱི་ཝེ་(དཀྱིལ་)ཨན་ཐེན་ཝུན་ཞུང་(གཡོན་)ཧྲི་ཕའོ་མའོ་བཅས་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུར་མ་ཞུགས་གོང་མཉམ་པར་བསྐྱོན་པ།
ཟླ་9 ཚེས་ 8ཉིན། འཇར་པན་ཐོ་ཁེའོ་རང་དམངས་ཏང་གི་སྤྱི་ཁྱབ་པུའུ་རུ་རང་དམངས་ཏང་གི་འགོ་འཛིན་གྱི་འོས་མི་ཅན་དབྱི་ཝེ་(དཀྱིལ་)ཨན་ཐེན་ཝུན་ཞུང་(གཡོན་)ཧྲི་ཕའོ་མའོ་བཅས་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུར་མ་ཞུགས་གོང་མཉམ་པར་བསྐྱོན་པ། 
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་8ཉིན། འཇར་པན་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་འདེམས་བསྐོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཚེས་8ཉིན་སྤྱི་བསྒྲགས་སྤེལ་དོན། ནང་བློན་ཁང་གི་དཔོན་པོ་ཅན་དབྱི་ཝེ་སོགས་འོས་མི་3མིང་བཀོད་ནས་འདེམས་བསྐོར་ཞུགས་ཡོད། འདི་ཡིས་འཇར་པན་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་འདེམས་བསྐོའི་འཐབ་རྩོད་དངོས་སུ་འགོ་ཚུགས་པ་མཚོན། མི་3གྱིས་ཚེས་14ཉིན་འགོ་འཛིན་འདེམས་བསྐོར་འདེམས་ཤོག་འཕེན་པའི་སྔོན་དུ་རང་སོ་སོའི་ལྟ་བ་ཁྱབ་སྒྲོག་བྱས་ནས་མ་འོངས་པའི་སྲིད་གཞུང་གསར་པའི་འགོ་བ་ལ་འགྲན་རྩོད་བྱ་རྒྱུ་རེད།
    ཉིན་དེའི་སྔ་དྲོའི་ཆུ་ཚོད་10པར། རང་དམངས་ཏང་གི་འགོ་འཛིན་འོས་མིའི་སྙན་ཞུ་ཏང་དེའི་སྤྱི་ཁྱབ་པུའུ་རུ་བསྡུས། ཅན་དབྱི་ཝེ་(ལོ་71)དང་རང་དམངས་ཏང་སྲིད་དོན་བརྟག་དཔྱད་ཚོགས་པའི་འགོ་འཛིན་ཨན་ཐེན་ཝུན་ཞུང་(ལོ་63)དང་རང་དམངས་ཏང་གི་ལས་འཛིན་ཟུར་པ་ཧྲི་ཕའོ་མའོ་(ལོ་63)བཅས་འོས་མི་3 གྱིས་སོ་སོས་ངོ་ཚབ་ལ་མངགས་བཅོལ་བྱས་ནས་རྒྱལ་ཚོགས་ཀྱི་གྲོས་མི་20ཡིས་འོས་སྦྱོར་བྱས་པའི་མིང་ཐོ་སྙན་སེང་ཞུ་བའི་འགྲོ་ལུགས་བསྒྲུབས་ཚར། ཉིན་དེའི་ཕྱི་དྲོར། ཁོ་ཚོས་འདེམས་འགྲན་གྱི་གཏམ་བཤད་གནང་ཞིང་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུ་སྤེལ་ནས་སོ་སོའི་འདོད་ཚུལ་དང་བཞེད་དགོངས་བསྒྲགས།    ཏོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་གྱིས་གཏམ་བཤད་ཚོགས་འདུའི་ཡུལ་དངོས་སུ་མི་སྣ་ཞུགས་གྲངས་ཚོད་འཛིན་བྱས་ཡོད་ཀྱང་། བརྙན་འཕྲིན་དང་དྲ་རྒྱ་སོགས་བརྒྱུད་དེ་ཡུལ་དངོས་ཐད་གཏོང་བྱས་ཡོད། 
    ད་ཐེངས་ཀྱི་འདེམས་བསྐོ་འདི་ལ་ཛ་དྲག་གནས་ཚུལ་གྱི་སྒྲིག་སྲོལ་སྤྱད་འཐུས་པ་དང་། ཏང་གང་དེའི་རྒྱལ་ཚོགས་གྲོས་མི་394དང་རྒྱལ་ཡོངས་ས་གནས་47གྱི་ཡན་ལག་མཉམ་འབྲེལ་ཚོགས་པའི་འདེམས་ཤོག་141བཅས་ཀྱིས་འདེམས་དགོས་པ་དང་། འོས་མི་གང་དེ་ལ་འདེམས་ཤོག་ཡོངས་ཀྱི་ཕྱེད་ཀ་ཡན་ཟིན་ཚེ་བདམས་ཐོན་བྱུང་བ་ཡིན།  ད་ལྟའི་གནས་བབ་ལ་བལྟས་ན་ཅན་དབྱི་ཝེ་ལ་ཏང་ནང་ཁུལ་གྱི་སྟོབས་ཤུགས་ཁག་5དང་ཏང་ཤོག་མེད་པའི་རྒྱལ་ཚོགས་གྲོས་མི་30ཡི་རྒྱབ་སྐྱོར་ཐོབ་ཡོད་པས་འགྲན་རྩོད་ཀྱི་ལེགས་ཆ་མངོན་གསལ་ཡིན། ཨན་ཐེན་དང་ཧྲི་ཕའོ་གཉིས་ཀྱིས་ཀྱང་ནུས་ཤུགས་ཡོད་རྒུས་འདེམས་ཤོག་སྔར་ལས་མང་པོ་བརྩོན་ལེན་བྱེད་བཞིན་ཡོད་པ་རེད། དབྱེ་ཞིབ་མི་སྣའི་སྔོན་དཔག་ལྟར་ན། མ་འོངས་པའི་ཉིན་འགའི་ནང་ཨ་པེ་ཤིན་ཟོ་སྲིད་གཞུང་གི་སྲིད་ཇུས་མུ་མཐུད་རྒྱུན་འཛིན་བྱེད་མིན་དང་། ཏོག་གསར་རིམས་ནད་ཐད་ཀྱི་ཁ་གཏད་སྲིད་ཇུས། དཔལ་འབྱོར་སླར་གསོ་བཅས་ཀྱི་ནང་དོན་ནི་འོས་མི་3པོས་སྲིད་ཇུས་ཐད་ཀྱི་གླེང་གཞི་ཡིན་ཤས་ཆེ་བར་བཤད།
    རང་དམངས་ཏང་གི་ལས་ཐོག་འགོ་འཛིན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨ་པེ་ཤིན་ཟོ་ཡིས་ཟླ་8ཚེས་28ཉིན་ལུས་པོ་བདེ་པོ་མེད་རྐྱེན་དབུ་བཞུགས་བློན་ཆེན་གྱི་ལས་གནས་དགོངས་ཞུ་བྱ་རྒྱུ་བསྒྲགས། ཨ་པེ་ཤིན་ཟོའི་རང་དམངས་ཏང་གི་འགོ་འཛིན་གྱི་འགན་ཡུན་གསུམ་པ་ནི་སྤྱིར་ན་སང་ལོའི་ཟླ་9པར་ཐིམ་རྒྱུ་ཡིན། ཁོང་གིས་རྩ་དགོངས་ཞུས་རྗེས། རང་དམངས་ཏང་གིས་འགོ་འཛིན་འདེམས་བསྐོ་སྔ་སྣུར་བྱེད་དགོས་བྱུང་བ་དང་། བདམས་ཐོན་བྱུང་མཁན་དེས་སང་ལོའི་སྟོན་ཁའི་རྒྱལ་ཚོགས་གྲོས་ཁང་འོག་མའི་འདེམས་བསྐོ་བར་ཨ་པེའི་འགན་ཡུན་ལྷག་འཕྲོ་འཁུར་རྒྱུ་ཡིན་པ་རེད།