འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་14ཉིན།

༄༅།།རྒྱ་གར་ཕྱོགས་ཀྱིས་ཀྲུང་རྒྱ་མཐའ་མཚམས་ནས་མེ་མདའ་འཕངས་ནས་འཇིགས་སྐུལ་བྱས། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་09ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་8ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཟླ་9ཚེས་7ཉིན། རྒྱ་གར་དམག་གིས་ཁྲིམས་འགལ་ངང་མཚམས་ཐིག་ལས་བརྒལ་ཏེ་ཀྲུང་རྒྱ་ས་མཚམས་ནུབ་དུམ་མཚོ་མོ་ངང་ལག་རིང་པོའི་ལྷོ་རྒྱུད་ཀྱི་གནས་སྒྱོགས་རི་བོ་རུ་འཛུལ་བ་དང་། རྒྱ་གར་ཕྱོགས་ཀྱིས་ཀྲུང་ཕྱོགས་མཐའ་སྲུང་དམག་དཔུང་གི་སྐོར་ཞིབ་པ་ལ་གཏད་ནས་སྔོན་ལ་མེ་མདའ་འཕངས་ནས་འཇིགས་སྐུལ་བྱས། འདི་ནི་1975ལོའི་ཚུན་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ཞི་འཇམ་ཐེངས་དང་པོར་མེ་མདའི་སྐད་ཀྱིས་དཀྲོག་པ་རེད། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་ལ་འབྲེལ་གཏུག་ནན་མོ་བྱེད་དགོས་ཚུལ་བཏོན་པ་དང་། རྒྱ་གར་ཕྱོགས་ནས་མགྱོགས་པོར་ཉེན་ཁའི་བྱ་སྤྱོད་མཚམས་འཇོག་པ་དང་། མེ་མདའ་འཕངས་ནས་དབྱེན་སྦྱོར་མཁན་དེ་ཞིབ་གཅོད་ནན་པོ་བྱེད་པ། སླར་དོན་དག་འདི་རིགས་མི་འབྱུང་བར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་བཤད། 
    ཀྲའོ་ལི་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ནས་འབྲེལ་ཡོད་དྲི་བར་དྲིས་ལན་བསྐྱོན་དུས། རྒྱ་གར་དམག་གིས་མངོན་སུམ་འཛེམ་མེད་ངང་སྔོན་ལ་འབྲེལ་བ་བྱེད་པར་བཏང་བའི་ཀྲུང་གོའི་མཐའ་སྲུང་དམག་དཔུང་གི་སྐོར་ཞིབ་པ་ལ་མེ་མདའ་འཕངས་ནས་འཇིགས་སྐུལ་བྱས་པ་དང་། ཀྲུང་གོའི་མཐའ་སྲུང་དམག་དཔུང་གིས་དེ་ལ་ཁ་གཏད་འཇལ་བྱེད་ལག་ལེན་དུ་བསྟར་ནས་གནས་བབ་བརྟན་སྲུང་མི་བྱེད་ཀ་མེད་དུ་གྱུར། རྒྱ་གར་ཕྱོགས་ཀྱི་བྱ་སྤྱོད་དེ་ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་ཀྱི་འབྲེལ་ཡོད་གྲོས་མཐུན་གྲོས་ཆོད་ལས་ཚབས་ཆེན་འགལ་ཞིང་། ས་ཁུལ་གྱི་ཛ་དྲག་ཆེ་བའི་གནས་བབ་ཛ་ཇེ་དྲག་ཏུ་བཏང་སྟེ་གོ་འཛོལ་དང་ཁྲིམས་གཅོད་ནོར་འཁྲུལ་འབྱུང་སླ་བས། དམག་དོན་གྱི་འཁྲུག་རྐྱེན་སློང་བའི་བྱ་སྤྱོད་ཚབས་ཆེན་ཞིག་ཡིན་ཞིང་ངོ་བོ་ཧ་ཅང་ངན་པ་རེད་ཅེས་བཤད།
   “ཀྲུང་གོ་ཕྱོགས་ཀྱིས་ཕྱི་འབྲེལ་དང་དམག་དོན་གྱི་ཐབས་ལམ་བརྒྱུད་རྒྱ་གར་ཕྱོགས་ལ་དེའི་ཐད་འབྲེལ་གཏུག་ནན་པོ་བྱས་ཡོད། རྒྱ་གར་ཕྱོགས་ཀྱིས་འཕྲལ་དུ་ཉེན་ཁ་ཆེ་བའི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པ་དང་། མཚམས་ཐིག་ལས་བརྒལ་བའི་མི་སྣ་འཕྲལ་མར་ཕྱིར་འཐེན་དགོས་པའི་བླང་བྱ་བཏོན་ཡོད། འཐབ་ས་དང་པོའི་དཔུང་སྡེར་གཅུན་སྡོམ་ནན་པོ་བྱེད་པ་དང་། མེ་མདའ་དང་འཁྲུག་རྐྱེན་སློང་མཁན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་དེ་དང་འདྲ་བའི་དོན་རྐྱེན་མི་ཐོན་པའི་འགན་ལེན་བྱེད་དགོས། ཅེས་ཀྲའོ་ལི་ཅན་གྱིས་བཤད།
   “ཀྲུང་གོ་ཕྱོགས་ནས་ཡང་ཡང་ནན་བཤད་བྱེད་དོན། ཕྱོགས་གཉིས་ཀྱིས་ཞི་བདེའི་ཐབས་ལམ་བརྒྱུད་དེ། གྲོས་མོལ་དང་བསམ་ཚུལ་བརྗེ་རེས་བརྒྱུད་ནས་ཕྱོགས་གཉིས་ཀྱི་འགལ་བ་དང་ངོ་རྒོལ་ཐག་གཅོད་བྱེད་དགོས་པ་ལས། འགྲན་ཟླར་ལངས་ན་ཕྱོགས་གཉིས་ཀར་ཕན་ཐོགས་གང་ཡང་མེད།”ཅེས་བཤད།