འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་8ཉིན།

༄༅།།《ཉེན་ཁ་དང་འགྲན་སློང་ལ་དོགས་ཟོན་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་
སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་བདམས་བསྒྲིགས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་08ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཉེན་ཁ་དང་འགྲན་སློང་ལ་དོགས་ཟོན་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་བདམས་བསྒྲིགས》ཅེས་པའི་དཔེ་དེབ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། འཕོ་འགྱུར་ལ་ཚོད་དཔག་དཀའ་བའི་རྒྱལ་སྤྱིའི་དུས་བབ་དང་། རྙོག་འཛིང་ཆེ་ལ་ཚོར་སྣང་སྐྱེན་པའི་མཐའ་སྐོར་གྱི་ཁོར་ཡུག དཀའ་ཚེགས་ཆེ་ལ་འགན་འཁྲི་ལྕི་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་བཅས་ཀྱི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཐའ་ཚད་ལ་བསམ་གཞིག་མཐའ་འཁྱོངས་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཧུར་ཐག་སེལ་བ་བཅས་བྱས་ནས། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱུང་ཡོད། ཞི་ཅིན་ཕིང་གིས་ཉེན་ཁ་དང་འགྲན་སློང་ལ་དོགས་ཟོན་བྱེད་པ་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པར་དམིགས་ནས་བཏོན་པའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་དག་གི་བརྗོད་དོན་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡོད། ཉེན་ཁ་དང་འགྲན་སློང་ལ་སྔོན་འགོག་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱེད་རྒྱུ་དེ་ང་ཚོས་ཉེན་ཁ་དང་འགྲན་སློང་ལ་སྔོན་འགོག་དང་སེལ་བའི་ལས་དོན་ཁག་ཏན་ཏིག་ངང་བསྒྲུབ་པ་དང་། མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་བ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
   《རྣམ་བཤད་བདམས་བསྒྲིགས》ཆེད་དོན་དྲུག་ལ་དབྱེ་བ་དང་རྣམ་བཤད་ཁག་404ཡོད་ཅིང་། འདི་དག་ནི་2012ལོའི་ཟླ་11ཚེས་15ཉིན་ནས་2020ལོའི་ཟླ་7ཚེས་17ཉིན་བར་གྱི་ཞི་ཅིན་ཕིང་གི་གསུང་བཤད་དང་། སྙན་སྒྲོན། བཀའ་མོལ། གཏམ་བཤད། མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་180ལྷག་ཙམ་ལས་བཏུས་པ་ཞིག་རེད། དེའི་ནང་གི་རྣམ་བཤད་མང་པོ་ཞིག་ནི་ཡོངས་བསྒྲགས་བྱེད་ཐེངས་དང་པོ་རེད།