འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་7ཉིན།

༄༅།།མོ་ནག་གྲོང་ཚོར“ཚེ་སྲོག་གི་ཟམ་པ”ཞིག་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་07ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་པིན་དང་ལང་པིང་པིང་།
   ཟླ་8ཚེས་17ཉིན། དྲག་ཆར་བསྟུད་མར་བབས་པའི་རྐྱེན་གྱིས་གློ་བུར་དུ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཐོན་ནས་འབྲུག་ཆུ་རྫོང་ཆུ་མགོ་ན་གྲོང་རྡལ་མོ་ནག་གྲོང་ཚོ་ནས་ཕྱིར་སྐྱོད་སའི་ལམ་བུ་འབའ་ཞིག་དེ་ཆུས་ཁྱེར། མོ་ནག་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དེ་ཆུ་ལོག་གིས་བསྣུབས་ནས་དུད་ཚང་85ཡི་མང་ཚོགས་430ལྷག་ཙམ་གྱི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད།
    འབྲུག་ཆུ་རྫོང་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་མངའ་ཁོངས་སུ་གནས་པ་དང་དེ་ནི་དཔེ་མཚོན་གྱི་རི་མཐོའི་གྲོག་རོང་ཁུལ་ཞིག་རེད། ཤང་དང་གྲོང་རྡལ་དང་། གྲོང་སྡེ་མི་ཉུང་བ་ཞིག་ལ་རི་ཀླུང་བརྒྱུད་ནས་བསྐྲུན་པའི་ཕར་འགྲོ་ཚུར་འོང་བྱེད་སའི་ལམ་བུ་འབའ་ཞིག་ལས་མེད་པ་དེ་ཆུས་ཁྱེར་བས་རོགས་སྐྱོབ་ལས་དོན་ལ་དཀའ་ཚེགས་ཆེན་པོ་བཟོས།
    ཉིན་ཤས་བསྟུད་མར། ཀན་ལྷོའི་གཏོར་སྐྱོན་ཕོག་པའི་གཞུང་ལམ་གྱི་ཉེན་སེལ་གུད་སྐྱོབ་བཀོད་འདོམས་པུའི་བཀོད་འདོམས་པ་ལི་ཕུའུ་ལིན་གྱིས་འགྲོ་ལམ་འགྲིམ་འགྲུལ་གྱི་ཉེན་སེལ་མི་སྣ་80ལྷག་ཙམ་གྱི་སྣེ་ཁྲིད་དེ་འཕྲུལ་ཆས་ཆེ་གྲས་13མོ་ནག་གྲོང་ཚོའི་ཕྱོགས་སུ་བཏང་། འོན་ཀྱང་གནོད་འཚེ་དང་ས་བབ་ཀྱི་གནས་ཚུལ་འོག་ཆུ་མགོ་ན་གྲོང་རྡལ་མོ་ནག་གྲོང་ཚོའི་ཕྱོགས་སུ་སྐྱོད་སའི་གཞུང་ལམ་སྤྱི་ལེ་5ཤར་གཏོང་བྱེད་པ་ཁོ་ནར་ཉིན་2འགོར།
   ཉིན་མང་པོ་འབད་འཐབ་བྱས་པ་བརྒྱུད་ཟླ་8ཚེས་24ཉིན་གྱི་སྔ་དྲོ། རི་ཁྲོད་དུ་རྐོ་འདྲུའི་འཕྲུལ་འཁོར་དང་ས་འབུད་འཕྲུལ་འཁོར་བཅུ་ཕྲག་ཁ་ཤས་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཁྲོད་མུ་མཐུད་ནུས་ཤུགས་ཡོད་རྒུས་ཆེས་མཐའ་མའི་འགྲོ་ལམ་མྱུར་བཟོ་བྱེད་བཞིན་ཡོད། སྤྱི་ལེ་10ཡི་ཕྱི་རོལ་གྱི་མོ་ནག་གྲོང་ཚོར་ཉེན་གྱར་མང་ཚོགས་སེམས་འཚབ་ཆེན་པོས་སྒུག་ནས་བསྡད་ཡོད།
    ཚེས་24ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པ་ཡོལ་ཙམ་ལ། ཆུ་ཚོད་27ཛ་དྲག་ངང་མྱུར་བཟོ་བྱས་པ་བརྒྱུད་རིང་ཚད་སྨི་21དང་། ཞེང་ཚད་སྨི་4.5ཟིན་པའི་མོ་ནག་གྲོང་ཚོར་ཤར་གཏོང་ཐུབ་པའི“ཚེ་སྲོག་གི་ཟམ་པ”ཞིག་གཞི་ནས་བསྐྲུན་ཐུབ་པ་བྱུང་ཡོད།
    ཕྱི་དྲོའི་ཆུ་ཚོད་4པར་ཉེན་སེལ་རུ་ཁག་གིས་འཕྲུལ་ཆས་ཆེ་གྲས་བཏང་བ་དང་སྒྲིག་ཆས་ཁྱེར་ནས་མོ་ནག་གྲོང་ཚོར་འབྱོར། ཆུ་ལོག་ད་དུང་ཆུང་དུ་ཕྱིན་མེད་པས་ཆུས་བསྣུབས་པའི་བཀོད་སྒྲིག་བྱ་ཡུལ་སྔར་བཞིན་ཆུ་ནང་དུ་ལུས། ཉེན་སེལ་རུ་ཁག་གིས་ཆུ་ལམ་བཟོ་བཅོས་བརྒྱབ་པ་བརྒྱུད། གྲོང་ཚོའི་ཆུ་ཁ་རིམ་བཞིན་དམའ་རུ་ཕྱིན་ནས་འདམ་གྱིས་ཁེངས་པའི་ཁང་པ་རིམ་བཞིན་མངོན་ཐུབ་པ་བྱུང་ཡོད།
    གནོད་འཚེ་ཕོག་པའི་གྲོང་མི་གཅིག་རྗེས་གཉིས་མཐུད་ངང་ཁྱིམ་དུ་ལོག་ནས་ཐོན་སྐྱེད་དང་འཚོ་བའི་མཁོ་ཆས་འཚོལ་བར་ཕྱིན།
གཟུགས་ཕྱེད་ཆུ་ནང་དུ་དིམ་པའི་གྲོང་མི་དབྱང་གོ་ཧྭ་ཡིས་འདམ་གྱིས་ཁེངས་པའི་གྱོན་ཆས་ཆུང་མར་སྤྲད་རྗེས་ཉལ་ཁང་ནང་འཛུལ་ནས“བེད་སྤྱོད་གཏོང་རུང་བའི་དངོས་པོ་རྣམས་འདོན་གང་ཐུབ”བྱེད་བཞིན་ཡོད།
   དབྱང་གོ་ཧྭ་ཡིས། སྲིད་གཞུང་ལ་བརྟེན་དགོས་ལ་རང་སྐྱོབ་ཀྱང་བྱས་ནས་ཐོན་སྐྱེད་དང་འཚོ་བ་གང་མགྱོགས་སླར་གསོ་ཐུབ་པ་བྱེད་དགོས་ཞེས་བཤད།
    ད་བར་དུ“ཟམ་པ”གཞན་ཞིག་ཡོད་པ་དེ་ནི་ཤར་གཏོང་ཐུབ་ཀྱི་ཡོད། ཚེས་17ཉིན་ནས་བཟུང་། འབྲུག་ཆུ་རྫོང་གིས་ཛ་དྲག་ངང་ཉེན་སེལ་གུད་སྐྱོབ་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་དང་དང་བླངས་ཞབས་ཞུ་རུ་ཁག་སྒྲིག་འཛུགས་བྱས་ཏེ་ཉིན་ལྟར་ཉེར་ཁར་མ་འཛེམ་པར་རྐང་ཐང་མར་འབྲེལ་བ་ཆད་པའི་གྲོང་ཚོར་བསྐྱོད་ནས་གནོད་འཚེའི་གནས་ཚུལ་ཞིབ་དཔྱད་དང་མང་ཚོགས་ལ་སེམས་གསོ་བཏང་ཡོད།
    ཏང་ཡོན་འཕྲལ་སྒྲུབ་རུ་ཁག་གི་རུ་མི་ཝང་ཞའོ་ཅུན་གྱིས་ཉིན་ལྟར་རྐང་ཐང་མར་ཆུ་ཚོད་དྲུག་བདུན་ཙམ་སྤྱད་དེ་མོ་ནག་གྲོང་ཚོ་སོགས་སུ་མང་ཚོགས་ལ་སེམས་གསོ་གཏོང་བ་དང་གནོད་འཚེའི་གནས་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད། ཝང་ཞའོ་ཅུན་གྱིས་གྲོང་ཚོའི་ནང་གནོད་འཚེ་ཕོག་པའི་མང་ཚོགས་ཧ་ཅང་མང་པོ་ཡོད། ཁོང་ཚོ་ལྟོས་གྲོད་པ་མི་རྒྱགས་པ་དང་གཉིད་ཡག་པོ་ཁུག་མི་ཐུབ་པའི་ཁར་བསམ་པའི་གནོན་ཤུགས་ཧ་ཅང་ཆེན་པོ་ཡོད། འགྲོ་ལམ་ཤར་གཏོང་ཐུབ་མེད་ཀྱང་ཆ་འཕྲིན་ཤར་གཏོང་ཐུབ་པ་བྱེད་དགོས་ཞེས་བཤད།
   དང་བླངས་པ་མུའུ་ཧྲི་ཧྭ་གྲོང་ཚོར་སྐྱོད་རིམ་བཞིན་ཝང་ཞའོ་ཅུན་སོགས་རུ་མི་དང་འདྲ་བར་འཕྲལ་སྡོམ་གེགས་སེལ་གྱི་དངོས་ཟོག་མང་པོ་སྒལ་པར་འཁུར་ནས་གྲོང་ཚོར་དབོར་གྱི་ཡོད།
    ཟླ་8པར་སླེབས་སྐབས་རྒྱུན་མཐུད་ངང་དྲག་ཆར་བབས་པའི་གནམ་གཤིས་ཀྱི་ཤུགས་རྐྱེན་འོག་ཀན་སུའུ་ཞིང་ཆེན་ཀན་ལྷོ་དང་ལུང་ནན་སོགས་གྲོང་ཁྱེར་དང་ཀྲོའུ་མང་པོར་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཐོན་ནས་རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་བརྒྱ་ལྷག་ཙམ་ཟིན་ཡོད། ཀན་སུའུ་ཞིང་ཆེན་འཕྲལ་སྡོམ་དོ་དམ་སྡེ་ཚན་གྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། གནོད་འཚེ་ལས་ཞིང་ཆེན་ཡོངས་ཀྱི་གྲོང་ཚོ་877གྱི་འགྲོ་ལམ་འགྲིམ་འགྲུལ་ཆད་ཡོད།
   འབྲུག་ཆུ་རྫོང་དུ་མོ་ནག་གྲོང་ཚོ་ཚུད་པའི་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ལས་ཤང་དང་གྲོང་རྡལ་19དང་རང་བྱུང་གྲོང་ཚོ་108ཀྱི་འགྲིམ་འགྲུལ་ཆད་ནས“ཁེར་ཆགས་གླིང་ཕྲན”དུ་གྱུར་མོད། འོན་ཀྱང་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་དང་། དང་བླངས་ཞབས་ཞུ་རུ་ཁག འགྲིམ་འགྲུལ་ཉེན་སེལ་རུ་ཁག་བཅས་ཀྱིས་འབད་བརྩོན་བྱས་པར་བརྟེན“ཁེར་ཆགས་གླིང་ཕྲན”རེ་རེ་བཞིན་ལ་གཞུང་ལམ་ཤར་གཏོང་ཐུབ་པ་བྱས་ཡོད།
   མིག་སྔར། “ཚེ་སྲོག་གི་ཟམ་པ”སྔར་ལས་མང་བ་བསྐྲུན་ནས་གེགས་ཁུལ་དུ་དྲོ་སྐྱིད་སྦྱིན་བཞིན་ཡོད།