མི་དམངས་དྲ་བ།

༄༅༎ཧན་ཀྲེང་2020ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་གོ་ལ་ཧྲིལ་པོའི་
ཞབས་ཞུའི་ཚོང་དོན་གྱི་དབུ་ཚོགས་ལ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་07ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་པེ་ཅིང་དུ་2020ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་གྱི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།
     དབུ་ཚོགས་ཐོག་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་ཤིས་ཚིག་གསུངས་པ་རེད། ཧན་ཀྲེང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ། པེ་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཆི་བཅས་པེ་ཅིང་གི་དྲ་ཕྱིའི་ཚོགས་རར་ཞུགས་པ་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་དྲ་ཐོག་ཚོགས་རར་ཕེབས་ནས། དྲ་ཐོག་དྲ་ཕྱི་ཟུང་འབྲེལ་གྱི་ཐབས་ལམ་བརྒྱུད་ལྷན་དུ་དབུ་ཚོགས་ལ་ཞུགས་པ་རེད། ཆུ་ཚོད་20དང་སྐར་མ་50ཙམ་ལ་ཧན་ཀྲེང་གིས་2020ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་གྱི་དབུ་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
     དབུ་ཚོགས་མ་འཚོག་གོང་། ཧན་ཀྲེང་དང་། ཧུའུ་ཁྲུན་ཧྭ། ཚའེ་ཆི་བཅས་ཀྱིས་ལྷན་དུ་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་འགྲེམས་ཁང་ལ་གཟིགས་ཞིབ་གནང་བ་རེད། འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས་ཀྱི་འགན་ཁུར་བ་དང་སྤེལ་རེས་གནང་སྐབས། ཧན་ཀྲེང་གིས། ཀྲུང་གོར་མི་འབོར་དུང་ཕྱུར་14ལས་གྲུབ་པའི་གཞི་ཁྱོན་ཧ་ཅང་ཆེ་བའི་ནང་མཁོའི་ཁྲོམ་ར་ཡོད་པས། རྒྱལ་ནང་དུ་འཁོར་རྒྱུག་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་བཞིན་ཡོད། ཚང་མས་ཀྲུང་གོའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་གོ་སྐབས་གསར་པ་དམ་འཛིན་གྱིས། ཁྲོམ་ར་གསར་འབྱེད་དང་ཚོང་ལས་གོ་སྐབས་མཉམ་སྤྱོད་ཧུར་ཐག་བྱས་ཏེ་རང་ངོས་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་། བརྟན་པོ། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཧུའུ་ཁྲུན་ཧྭ་ཡིས་དབུ་ཚོགས་གཙོ་སྐྱོང་གནང་བ་རེད། ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སི་དང་། ཐེ་ལན་གྱི་ཙུང་ལི་པ་ཡུས། ཧན་གོའི་ཙུང་ལི་གཞོན་པ་ཧུང་ནན་ཅི། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ། མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་དང་འཕེལ་རྒྱས་ཚོགས་འདུའི་དྲུང་ཆེ་ཅི་ཐུའུ་དབྱི། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་དབྱི་ཞའོ་ཀྲུན་བཅས་ཀྱིས་སྔ་རྗེས་སུ་བརྙན་ལམ་མམ་ཡང་ན་སྐབས་ཐོག་སྦྲེལ་མཐུད་བྱེད་སྟངས་བརྒྱུད་ཤིས་ཚིག་གསུངས་པ་རེད།
     ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་སྒྲིག་འཛུགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་ཉོ་ཚོང་ཚོགས་པའི་ཚོགས་གཙོ། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་འགན་ཁུར་བློ་མཐུན། ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་པ། མངའ་ཁོངས་ཕྱིའི་ཚོང(མཐུན་ཚོགས)ཚོགས། ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱི་འགན་ཁུར་བ་བཅས་ཀྱི་འཐུས་མི་300ལྷག་ཙམ་པེ་ཅིང་གི་དྲ་ཕྱིའི་ཚོགས་འདུའི་དབུ་ཚོགས་ལ་ཞུགས་ཡོད་པ་རེད།
     ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོང་འདུ་ནི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་འགྲེམས་ཚོགས་ཐོག་མ་དེ་ཡིན་པ་དང་། དེ་ནི་ཚོང་དོན་པུའུ་དང་པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བ་ཞིག་རེད། སྐབས་འདིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི། “གོ་ལ་ཧྲིལ་པོའི་ཞབས་ཞུ། གཉིས་ཕན་མཉམ་སྤྱོད”ཅེས་པ་དེ་ཡིན་པ་དང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་ཐོག་ནས་གླེང་སྟེགས་ཀྱི་ངོ་འཕྲད་གྲོས་མོལ་བྱེད་སྒོ་བརྒྱ་ལྷག་ཙམ་སྤེལ་བ་བརྒྱུད། ཞབས་ཞུའི་ཚོང་དོན་གྱི་མདུན་ཕྱོགས་འཕེལ་ཕྱོགས་དང་། གསར་གཏོད་འཕེལ་རྒྱས། རྒྱལ་སྤྱིའི་མཉམ་ལས་སོགས་ཀྱི་གྲོས་གཞིར་དམིགས་ནས་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་ཏེ། འགྲེམས་སྟོན་ནང་ཞུགས་མཁན་ཚོང་པར་རྒྱ་ཆེ་བའི་ངོ་འཕྲད་གྲོས་མོལ་དང་སྤེལ་རེས་མཉམ་ལས་ཀྱི་གོ་སྐབས་བསྐྲུན་རྒྱུ་ཡིན་པ་རེད།

  
style="display:none;"