མི་དམངས་དྲ་བ།

༄༅༎འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་75འཁོར་བར་དམིགས་ནས་
ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་05ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་ནས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་གནང་དོན། ལོ་75ཡི་གོང་གི་དེ་རིང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་སུའུ་ལན་གྱིས་རི་པིན་ལ་བརྒྱབ་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་མཐར་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ཁྱབ་བསྒྲགས་བྱས་ཡོད། ཨེ་ཤེ་ཡ་དང་། ཡོ་རོབ། ཨ་ཧྥེ་རི་ཁ། རྒྱ་མཚོ་ཆེ་མོ་གླིང་བཅས་ལ་ཁྱབ་པའི་དམག་འཁྲུག་དེའི་ཁྲོད་རྒྱལ་ཁབ་ཁག་གི་དམག་མི་དང་དམངས་ཚོགས་དུང་ཕྱུར་གཅིག་ལྷག་ཙམ་འཆི་རྨས་བྱུང་ནས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཆེས་ཡ་ང་བའི་བློས་གཏོང་བྱས་ཡོད། ཀྲུང་ཨུ་ཕྱོགས་གཉིས་ནི་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་གཡུལ་ས་གཙོ་བོ་ཡིན་པའི་ངོས་ནས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ལེན་ཆེད་མི་རིགས་ཀྱི་བློས་གཏོང་ཆེན་པོ་བྱས་པ་དང་སུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་པ་དང་ཁྲག་དྲོན་ལ་བརྟེན་ནས་གཞོམ་ཞིག་མེད་པའི་རླབས་ཆེའི་མཛའ་གྲོགས་བཙུགས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།
     ཕུའུ་ཅིང་གིས་རྟེན་འབྲེལ་གློག་འཕྲིན་ནང་འཛམ་གླིང་དམག་ཆེན་གཉིས་པ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཆེས་ཡ་ང་བའི་སྐྱོ་གར་ཞིག་ཡིན་ཞིང་། སུའུ་ལན་དང་ཀྲུང་གོ་ནི་ཧྥ་ཤི་སི་རིང་ལུགས་དང་དམག་རྒྱལ་རིང་ལུགས་ལ་འགོག་རྒོལ་བྱེད་པའི་གཡུལ་ས་གཙོ་བོ་ཡིན་པས་བཙན་འཛུལ་པ་ལས་རྦད་དེ་རྣམ་པར་རྒྱལ་ཆེད་མི་རིགས་ཀྱི་བློས་གཏོང་ཆེན་པོ་བྱས་ཡོད། དཀའ་ཚེགས་ལྷག་པར་ཆེ་བའི་དམག་འཁྲུག་དེའི་ཁྲོད་ངེད་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་དམག་འཁྲུག་གི་མཛའ་བཤེས་ཟབ་མོ་ཆགས་ཡོད་ཅེས་གསུངས་པ་རེད།

  
style="display:none;"