འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་6ཉིན།

༄༅༎སི་ཁྲོན་ལུའུ་རྫོང་གི་དགེ་རྒན་20ཕྱག་ཕྲེང་རྫོང་དུ་བསྐྱོད་ནས་སློབ་སྐྱོར་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་04ཉིན། 15:45】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། “དགེ་རྒན་ཝང་ལགས། དགེ་རྒན་ཧོ་ལགས། ཁྱེད་ཚོ་དཀའ་ལས་ཁག་སོང་།  ཁྱེད་ཚོས་བོད་སྐྱོར་སློབ་སྐྱོར་བྱ་གཞག་ལ་ལེགས་སྐྱེས་ཆེན་པོ་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།” དེ་རིང་གི་ཞོགས་པ་སྔ་པོ་ནས།  སི་ཁྲོན་ལུའུ་རྫོང་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཆུང་དང་བཅས་པ་དཀར་མཛེས་ཁུལ་གྱི་ཕྱག་ཕྲེང་རྫོང་སློབ་འབྲིང་གི་ཆབ་སྲིད་ལོ་རྒྱུས་གཞུང་ལས་ཁང་དུ་ཕེབས་ནས་དེ་གར་ལས་ཀ་བྱེད་བཞིན་པའི་ལུའུ་རྫོང་གི་སློབ་སྐྱོར་དགེ་རྒན་ཁག་གསུམ་པར་གཟིགས་པ་དང་། དགེ་རྒན་ཚོའི་ལས་ཀའི་བཀོད་སྒྲིག་དང་སློབ་འགོ་ཚུགས་པའི་སློབ་ཁྲིད་གྲ་སྒྲིག་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་རེད།
     “ལུའུ་རྫོང་གི་དགེ་རྒན་གྱི་ཀུན་སྤྱོད་བཟང་པོ་དང་ལས་བཀུར་སྙིང་སྟོབས་འདོན་སྤེལ་བྱེད་དགོས། ལས་ཀ་དང་འཚོ་བ་གང་ཡིན་རུང་ཚང་མས་ཕན་ཚུན་ལྟ་རྟོག་དང་། ཕན་ཚུན་རོགས་རམ། མཐུན་སྒྲིལ་རོགས་ལས་བཅས་བྱེད་དགོས།” ལི་ཆུང་གིས་དགེ་རྒན་ཚོས་སློབ་སྐྱོར་ལས་དོན་གྱི་རླབས་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ཏེ་ལུའུ་རྫོང་དང་ཕྱག་ཕྲེང་ས་ཁུལ་གཉིས་ཀྱི་སློབ་གསོ་འབྲེལ་གཏུག་གི་འབྲེལ་ཟམ་ཡག་པོ་འཛུགས་པ་དང་། མགྱོགས་མྱུར་འདྲེས་པར་བྱས་ཏེ་ལས་ཀ་ཧུར་ཐག་བྱས་ནས། ལུའུ་རྫོང་གི་སྔོན་ཐོན་གྱི་སློབ་གསོ་སློབ་ཁྲིད་ཀྱི་འདུ་ཤེས་ཕྱག་ཕྲེང་དུ་འཁྱེར་ནས་ས་གནས་གཉིས་པོའི་སློབ་གསོ་མཉམ་འདྲེས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་བཏང་བ་དང་། འགག་སྒྲོལ་དཀའ་སེལ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་དུས་རབས་གསར་པའི་ལུའུ་རྫོང་གི་དགེ་རྒན་གྱི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་པ་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།  
     “ངེས་པར་དུ་བོད་སྐྱོར་གྱི་ཐོག་མའི་བསམ་འདུན་མ་བརྗེད་པ་དང་།  སློབ་སྐྱོར་གྱི་ལས་འགན་ལ་ངོ་མི་གནོང་བ་བྱེད་པ། བཀོད་སྒྲིག་དང་ལེན་དང་ལས་ཀ་ནན་ཏན་བྱས་ཏེ། ལུའུ་ཀྲོའུ་ཡི་སྔོན་ཐོན་སློབ་གསོའི་འདུ་ཤེས་དེ་སློབ་ཁྲིད་ལས་དོན་གསར་པའི་ནང་འདྲེས་པར་བྱས་ནས་ཕྱག་ཕྲེང་གི་སློབ་གསོ་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་གང་ཡོད་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་”ཞེས་ལུའུ་རྫོང་སློབ་འབྲིང་གཉིས་པའི་གྲོང་ནུབ་སློབ་གྲྭ་ནས་ཡོང་བའི་དགེ་རྒན་ཧོ་ཝུན་ལེའང་གིས་བཤད།
     “ངའི་བསམ་པར་ལོ་ན་ཆུང་དུས་འགྲན་སློང་བསུ་དགོས་སྙམ། ཏག་ཏག་སློབ་གྲྭར་སློབ་སྐྱོར་གྱི་མིང་ཐོ་ཞིག་ཡོད་པས་ངས་གོ་སྐབས་དེ་དམ་འཛིན་བྱས་པ་ཡིན། ངས་བལྟས་ན་འདི་ནི་རང་ཉིད་སྦྱོང་བརྡར་བྱེད་པའི་གོ་སྐབས་བཟང་བོ་ཞིག་རེད་འདུག།” ལུའུ་རྫོང་ཉིའུ་ཐན་གྲོང་རྡལ་ཡུས་ཧྥུང་སློབ་འབྲིང་གི་དགེ་རྒན་ཧྥེང་ཡུས་ཆང་ལས་ཀར་ཞུགས་ནས་ལོ་གསུམ་སོང་མ་ཐག་ཡིན། ད་ཐེངས་ཀྱི་སློབ་སྐྱོར་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ལུའུ་ཀྲོའུ་གྲོང་ཁྱེར་ལུའུ་རྫོང་གི་བོད་སྐྱོར་ཁག་གསུམ་པའི་སློབ་སྐྱོར་དགེ་རྒན་20ཟླ་8ཚེས་30ཉིན་ཕྱག་ཕྲེང་དུ་འབྱོར་ནས་རེས་སྐོར་གསར་པའི་སློབ་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་རེད། ཉིན་གཉིས་རིང་ས་མཐོའི་འཚོ་བར་འཚམ་པའི་ལེགས་སྒྲིག་བྱས་པ་བརྒྱུད་ཁོང་ཚོས་དེ་རིང་ནས་སློབ་ཚན་འཚོགས་ཏེ་དཀར་མཛེས་ཁུལ་གྱི་ཕྱག་ཕྲེང་རྫོང་གི་སློབ་གསོ་འཕེལ་རྒྱས་ལ་ལུའུ་ཀྲོའུ་དང་ལུའུ་རྫོང་གི་སྟོབས་ཤུགས་མུ་མཐུད་ལེགས་སྐྱེས་སུ་ཕུལ་བ་རེད།