མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅོ་ལྔ་པ་
གཙོ་སྐྱོང་གནང་སྐབས།རིམ་པ་དེ་བས་ཟབ་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་དེ་བས་
མཐོ་བའི་སྒོ་དབྱེའི་བྱ་ཐབས་ལག་བསྟར་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་
ཆེད་སྒུལ་ཤུགས་ཆེན་པོ་སྣོན་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་03ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་1ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ཆགས་པ་བྱེད་པ་ནི། རང་རྒྱལ་གྱི་འཕེལ་རྒྱས་ཀྱི་དུས་མཚམས་དང་། ཁོར་ཡུག ཆ་རྐྱེན་བཅས་ཀྱི་འགྱུར་ལྡོག་ལ་གཞིགས་ནས་འཐབ་ཇུས་ཀྱི་ཇུས་ཐག་བཅད་པ་ཞིག་དང་། སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་བརྒྱུད་རིམ་རང་བཞིན་གྱི་གཏིང་ཟབ་པའི་འཕོ་འགྱུར་ཞིག་ཡིན། སྒྱུར་བཅོས་ཀྱི་འགག་རྩའི་བྱེད་ཐབས་དེ་མུ་མཐུད་གང་ལེགས་སྤྱོད་པ་དང་། ཞུམ་མེད་མདུན་སྐྱོད་དང་དཀའ་ངལ་ཁྱད་བསད་བྱེད་པའི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། རིམ་པ་དེ་བས་ཟབ་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་བྱ་ཐབས་ལག་བསྟར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཆེད་སྒུལ་ཤུགས་ཆེན་པོ་སྣོན་དགོས་པའི་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
     ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར། ང་ཚོར་མངོན་གསལ་དོད་པའི་ལམ་ལུགས་ཀྱི་ལེགས་ཆ་དང་ཧ་ཅང་བརྟན་པའི་སྒྱུར་བཅོས་ཀྱི་རྨང་གཞི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་ལ་དམིགས་ནས། སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པས། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་། ལམ་ལུགས་ཀྱི་གྲུབ་འབྲས། ལག་ལེན་གྱི་གྲུབ་འབྲས་བཅས་རབ་དང་རིམ་པ་ཐོབ་ཡོད། སྒྱུར་བཅོས་ཀྱི་གྲུབ་འབྲས་འདི་དག་བེད་སྤྱོད་ཡག་པོ་བྱས་ནས། དོན་འཁྱོལ་ལ་དམ་འཛིན་དང་ཕན་འབྲས་དངོས་ཐོན་པར་བྱེད་པའི་ཐད་ཤུགས་སྣོན་རྒྱག་པ་དང་། འཕེལ་རིམ་མགྱོགས་སུ་གཏོང་བ། གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། སྒྱུར་བཅོས་ཁག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་བའི་ཕྱོགས་སུ་གཅིག་སྡུད་ཐོག་ཤུགས་སྣོན་རྒྱག་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔའི་དུས་བབ་འོག འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མི་ཉུང་བ་ཞིག་འཕྲད་ཡོད་པས། སྒྱུར་བཅོས་ཀྱི་བསམ་གཞིག་དང་སྒྱུར་བཅོས་ཀྱི་ཐབས་ཤེས་སྤྱོད་མཁས་པོ་བྱེད་པ་དང་། དུས་ཐུང་གི་ཁ་གཏད་གཅོག་པ་དང་དུས་འབྲིང་རིང་གི་འཕེལ་རྒྱས་ལ་སྤྱི་འདོམས་བསམ་གཞིག་བྱས་ནས། འཐབ་ཇུས་ཐད་བཀོད་ཇུས་ཡག་པོ་འདིང་དགོས་ལ། གནད་འགག་ཆེ་སར་ཡང་ལས་དོན་ཡག་པོ་སྒྲུབ་དགོས། ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་ཆེ་རུ་གཏོང་བར་ཕན་པའི་སྒྱུར་བཅོས་དང་། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བར་ཕན་པའི་སྒྱུར་བཅོས། ཕྱོགས་གང་ཅིའི་ཐད་ཀྱི་ཧུར་སེམས་སྐོང་འཐེན་ལ་ཕན་པའི་སྒྱུར་བཅོས་བཅས་ལ་སྐུལ་འདེད་གཏོང་བ་དང་། གཙོ་གནད་ཀྱི་གནད་དོན་ལ་དམིགས་པ། སྒྱུར་བཅོས་བྱེད་ཐབས་ཀྱི་བརྒྱུད་རིམ་ཕྱོགས་བསྡུས་དང་མཉམ་སྒྲུབ་ནུས་ཆེ་ཡོང་བར་ཤུགས་སྣོན་རྒྱག་པ། དཀའ་གནད་དང་འགག་གནད་སེལ་བ་བཅས་བྱས་ནས་སྤྱི་ཡོངས་ཀྱི་ཕན་འབྲས་ཐོན་པ་བྱེད་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དེ་རྒྱལ་ཁབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དང་། རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་སྐྲུན་སོགས་དང་སྦྲེལ་མཐུད་བྱས་ཏེ། ཆ་རྐྱེན་འཛོམས་པའི་ས་ཁོངས་སུ་སྔོན་ལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་དང་ཆགས་པར་བྱས་ནས། སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གསར་པ་གཏོད་དགོས། སྒྱུར་བཅོས་ཀྱི་མ་འོངས་སྔོན་མཐོང་རང་བཞིན་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགལ་ཟླའི་འགྱུར་ལྡོག་གི་ཆོས་ཉིད་ཁོང་དུ་ཆུད་པ། རྩ་བ་བརྟན་སྲུང་དང་གསར་གཏོད་དང་གསར་འབྱེད་ཡར་བརྩོན་བྱེད་པ། བརྟན་པོ་མེད་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་ལ་དེ་བས་དགེ་མཚན་དང་ཕན་ནུས་ལྡན་པའི་སྒོ་ནས་ཁ་གཏད་གཅོག་པ་བཅས་བྱས་ཏེ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
     ཚོགས་འདུའི་ཐོག《ཕྱི་ཕྱོགས་ཚོང་དོན་གྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་།《དུས་རབས་གསར་པར་དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་དར་སྤེལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》 《དམངས་གཉེར་གྱི་འོས་འགན་སློབ་གསོ་འཕེལ་རྒྱས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》 《སྨན་བཅོས་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས་ལུགས་མཐུན་གྱི་སྨན་བཅོས་བརྟག་དཔྱད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ད་དུང་ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོང་གསེབ་སྒྱུར་བཅོས་ཀྱི་འཕེལ་རིམ་གནས་ཚུལ་གྱི་སྙན་སེང་གསན་པ་རེད།
     ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་དཔལ་འབྱོར་གོ་ལ་ཅན་ལ་རྡབ་རྡེག་ཕོག་ནས། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱི་མགོ་བོ་བཀྱག་གི་ཡོད་པས། ང་ཚོས་དཀའ་ངལ་གདོང་དུ་བསུས་ནས་བཀག་རྒྱ་ཐམས་ཅད་གཏོར་ཏེ། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ནས། བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་ཀྱི་སྒོ་དབྱེ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འགུལ་གྱི་ཕན་ནུས་ཆེ་རུ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་བཅས་བྱས་ནས། ཉེན་ཁ་དང་འགྲན་སློང་ལ་ཕྱོགས་ཡོངས་ནས་འགོག་ཟོན་བྱེད་དགོས། ཕྱི་ཕྱོགས་ཚོང་དོན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་དམ་པོར་དམིགས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་འཛིན་པ་དང་། ཚན་རྩལ་གསར་གཏོད་དང་། ལམ་ལུགས་གསར་གཏོད། ལས་རྣམ་དང་བྱ་ཐབས་གསར་གཏོད་བཅས་གཏིང་ཟབ་བྱེད་པ། ཚོང་དོན་སྤུས་ཚད་མཐོ་རུ་མགྱོགས་མྱུར་གཏོང་བ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་དུ་གཏོང་བ། ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། ཚོང་དོན་སྟབས་བདེ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་དགོས།
     ཚོགས་འདུའི་ཐོག་ནན་བཤད་གནང་དོན། དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་དར་སྤེལ་གཏོང་བར། ཏང་གིས་མཐོ་སློབ་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་པ། ཏང་གི་སློབ་གསོའི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། ནང་རྒྱས་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་དང་རང་འགུལ་ངང་སྦྲེལ་མཐུད་བྱེད་པ། ཀྲུང་གོའི་ས་གཞི་ཆེ་མོར་རྩ་བ་ཚུགས་ཏེ་སློབ་ཆེན་གཉེར་བ། ལེགས་ཆའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། སློབ་གཉེར་ཐོན་ཁུངས་གཅིག་སྡུད་བྱེད་པ། རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ། དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོའི་ནང་སྐྱེས་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ནུས་ལྡན་འཕེལ་བར་བྱེད་པ་བཅས་བྱས་ནས། དབུས་ནུབ་རྒྱུད་གསར་སྤེལ་དང་སྒོ་དབྱེའི་རྣམ་པ་དང་འཚམ་པའི་མཐོ་རིམ་སློབ་གསོའི་མ་ལག་ཆགས་པར་སྐུལ་འདེད་གཏོང་དགོས།
     ཚོགས་འདུའི་ཐོག་བསྟན་དོན། དམངས་གཉེར་འོས་འགན་སློབ་གསོ་འཕེལ་རྒྱས་ཚད་ལྡན་དུ་གཏོང་བའི་དམིགས་ཡུལ་ནི། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་གིས་འོས་འགན་སློབ་གསོར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས། ཁྲིམས་བཞིན་སློབ་གསོ་སྐྱོང་རྒྱུ་མཐའ་འཁྱོངས། སྲིད་གཞུང་གི་འགན་འཁྲི་དོན་འཁྱོལ། རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན། དམངས་གཉེར་འོས་འགན་སློབ་གསོའི་ཚད་ལྡན་དོ་དམ་ལ་ཤུགས་སྣོན། སློབ་གསོའི་ཁོར་ཡུག་ཡག་པོ་སྐྲུན་པ་བཅས་བྱས་ཏེ། སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁབ་ཀྱིས་འོས་འགན་སློབ་གསོ་གཉེར་རྒྱུ་མཐའ་འཁྱོངས་བྱས་ཏེ། འོས་འགན་སློབ་གསོའི་སྤྱི་ཕན་གྱི་ངོ་བོ་འགན་ལེན་བྱེད་པ་དང་། གཞུང་བཙུགས་འོས་འགན་སློབ་གསོ་ཡག་པོ་གཉེར་བ་དང་རྒྱ་སྟོབས་ཆེ་རུ་གཏོང་དགོས།
     ཚོགས་འདུའི་ཐོག་ནན་བཤད་གནང་དོན། ད་ཐེངས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་རིང་། ང་ཚོས་ནད་པ་གཅིག་སྡུད་དང་། རིགས་གཅིག་མཁས་ཅན་གཅིག་སྡུད། ཐོན་ཁུངས་གཅིག་སྡུད། སྐྱོབ་བཅོས་གཅིག་སྡུད་བཅས་ཀྱི་རྩ་དོན་གཞིར་བཟུང་། ཚན་རིག་དང་མཐུན་པའི་འགོག་བཅོས་དང་གནད་སྨིན་ཇུས་འདོན་མཐའ་འཁྱོངས་བྱེད་པ་དང་། ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། ནད་བརྟག་སྨན་བཅོས་ཀྱི་གོ་རིམ་དང་། སྨན་བཅོས་སྨན་རྫས། ནད་ལྕིའི་ནད་པ་མྱུར་སྐྱོབ་བཅས་ཀྱི་བྱ་ཐབས་ལེགས་སྒྲིག་དང་བཟང་སྒྲིག་བྱེད་པ། སྨན་བཅོས་འགན་བཅོལ་གྱི་སྨན་རིན་ས་ཆ་གཞན་ནས་འཕྲལ་མར་རྩིས་རྒྱག་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་པས། སྨན་བཅོས་འཕྲོད་བསྟེན་མ་ལག་གིས་ནུས་པ་གལ་ཆེན་ཐོན་ཡོད། རྒྱ་ཆེའི་སྨན་དོན་མི་སྣས་སྨན་པའི་ཀུན་སྤྱོད་བརྟན་པོ་སྲུང་བ་དང་ལས་གཉེར་ཚད་ལྡན་ནན་པོ་བྱས་པ་ལས་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་མངོན་ཡོད། སྔར་ལས་ལྷག་པའི་ངང་སྨན་བཅོས་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་ལུགས་མཐུན་གྱི་སྨན་བཅོས་བརྟག་དཔྱད་ལ་སྐུལ་འདེད་གཏོང་བར། སྨན་བཅོས་བྱེད་པོའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་ནས་འགོ་བརྩམས་ཏེ། སྨན་བཅོས་སྒྲིག་གཞི་དང་སྨན་དོན་མི་སྣའི་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལག་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། སྨན་བཅོས་དོ་དམ་སྒྲིག་སྲོལ་དང་། འཁོར་སྐྱོད་ལམ་སྲོལ། ཞབས་ཞུའི་རིན་གོང་། ལས་རྗེས་བགོ་བཤའ་སོགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལས་རིགས་ཀྱི་སྤྱོད་ཚུལ་ལེགས་སྐྱོང་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།
     ཚོགས་འདུའི་ཐོག་བསྟན་དོན། འཚོ་བའི་གད་སྙིགས་རིགས་དབྱེ་བྱེད་པ་ནི་མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་ཡོད། དེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་མཐོ་རུ་གཏོང་བ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། གྲོང་ཁྱེར་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། མང་ཚོགས་ལ་གོམས་གཤིས་འཇགས་པར་སྐུལ་འདེད། རིགས་དབྱེའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་བ། ལེ་ལག་ཚང་བའི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཐད་ནས་འགོ་བརྩམས་ཏེ། ཁྲིམས་སྐྱོང་རྨང་གཞིར་བྱེད་པ་དང་། སྲིད་གཞུང་གིས་སྐུལ་འདེད་གཏོང་བ། དམངས་ཡོངས་ཞུགས་པ། གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་བྱེད་པ། ཡུལ་བབ་དང་བསྟུན་པ་བཅས་ཀྱི་གད་སྙིགས་རིགས་དབྱེའི་ཕུགས་ཕན་ལམ་སྲོལ་གང་མགྱོགས་འཛུགས་པ། ཚན་རིག་དང་མཐུན་པའི་འདུ་ཤེས་ཟབ་ཏུ་གཏོང་བ། རིགས་དབྱེ་མཛུབ་ཁྲིད་བྱེད་པ་བཅས་བྱས་ཏེ། འགོད་རིམ་ཧྲིལ་པོའི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།
     ཚོགས་འདུའི་ཐོག ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་2020ལོར་སླེབས་སྐབས། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བྱེད་དགོས་ཞེས་བཏོན་ཡོད། ལོ་འདི་དག་རིང་། སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དེ་རྨང་གཞི་བརྟན་དུ་གཏོང་བ་དང་སྒྲོམ་གཞི་གཏོད་པ་ནས་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་རྨང་གཞི་ཟབ་གཏོང་དང་འཇོན་ཐང་ཆེ་རུ་གཏོང་བའི་བར་དང་། དེ་ནས་མ་ལག་ཕྱོགས་བསྡུས་དང་མཉམ་སྒྲུབ་ནུས་ཆེའི་བར། མགྱོགས་ལ་བརྟན་པ་དང་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱས་པས། འགོ་འཛུགས་ས་གསར་པའི་ཐོག་ཚད་བརྒལ་གསར་པ་བྱུང་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ། སྙིང་སྟོབས་འཕེལ་བར་བྱེད་པ་བཅས་བྱས་ནས། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱེད་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། སྒྱུར་བཅོས་ཀྱི་ལས་འགན་དོན་འཁྱོལ་གནས་ཚུལ་ལ་ཕྱོགས་སྡོམ་དང་དཔྱད་དཔོག་ཡག་པོ་བྱས་ཏེ། ཕྱོགས་སྡོམ་དང་དཔྱད་དཔོག་བྱེད་རྒྱུ་དེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་སྒྱུར་བཅོས་བསམ་ཕྱོགས་ཇུས་འགོད་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྟོབས་ཤུགས་ཆེན་པོ་དང་གཅིག་སྡུད་ཟུང་འབྲེལ་བྱེད་པ། སྒྱུར་བཅོས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་རྩ་ཆེའི་ཉམས་མྱོང་ཕྱོགས་ཡོངས་ནས་མངོན་པར་བྱེད་པ། ཕྱོགས་ཁག་གི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཆོད་སེམས་དང་ཡིད་ཆེས་བརྟན་དུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་ཆེད་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

  
style="display:none;"