འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་2ཉིན།

༄༅།།ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་དགོས།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་02ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
   ཉིན་ཤས་གོང་འཚོགས་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྒྲུབ་པར་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིཌ་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་གསུངས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
    མེས་རྒྱལ་གཅིག་གྱུར་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་ཆེ་ཤོས་དང་མི་རིགས་མཐུན་སྒྲིལ་ནི་མེས་རྒྱལ་གཅིག་གྱུར་གྱི་འགན་ལེན་གལ་ཆེན་རེད། “ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་པ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་དགོས” དེ་ནི་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་བོད་ལྗོངས་བཅོས་སྐྱོང་བརྟན་ལྷིང་དར་རྒྱས་བཅས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པ་ཞིག་རེད་ལ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ནང་དོན་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཐད་མཐའ་འཁྱོངས་དང་། སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་ལྡོག་མེད་ཀྱི་ལས་འགན་ལ་བརྩིས་ཏེ། ཕྱོགས་ཁག་གི་ལས་དོན་ལ་སྤྱི་འདོམས་ཇུས་འགོད་དང་། ཕྱོགས་བསྡུས་ཤུགས་འདོན། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ། བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཉིན་རེ་བཞིན་མི་སེམས་སུ་གཏིང་ཟབ་ཟུག་ཡོད། ལག་ལེན་དངོས་ལས་ར་འཕྲོད་པར། བོད་ཀྱི་ལས་དོན་ཐད་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ། མི་རིགས་ཁག་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ན། གཞི་ནས་བོད་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་བོད་དར་རྒྱས་གོང་འཕེལ་ཡོང་ཐུབ།
    “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས” བོད་ལྗོངས་ནི་རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་རེད། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་བོད་ཀྱི་ལས་དོན་གྱི་དམིགས་བསལ་གལ་ཆེའི་རང་བཞིན་གཙོ་བོ་བོད་ཀྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གིས་རྒྱལ་ཁབ་གཅིག་གྱུར་དང་བདེ་འཇགས་ལ་དོན་སྙིང་གལ་ཆེན་ལྡན་པ་ལས་མངོན་གྱི་ཡོད། སྤྱི་ཡོངས་ལ་དམིགས་པ་དང་། ཕུགས་འཕེར་གྱི་ཇུས་གཞི་མང་ཙམ་འདིང་བ། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱོད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ། ཉེན་ཁ་དང་འགྲན་སློང་ཆེན་པོ་མཐའ་གཅིག་ཏུ་སྔོན་འགོག་དང་སེལ་ཐབས་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བཅས་བྱེད་པ་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འགན་འཁྲི་དང་འོས་འགན་རེད། མང་ཚོགས་ཀྱི་སློབ་གསོ་དང་ཁྲིད་སྟོན་ལ་ཤུགས་སྣོན་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མང་ཚོགས་ཞུགས་རྒྱུ་སྐུལ་སློང་རྒྱ་ཁྱབ་ཏུ་བྱས་ཏེ། བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་ཆགས་པར་བྱེད་དགོས།
    རིག་གནས་ནི་མི་རིགས་ཤིག་གི་བླ་སྲོག་ཡིན་པ་དང་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་རེད། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་རྨང་གཞི་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཡག་པོ་སྤེལ་ནས་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་རྒྱུ་དེ་རེད། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས། མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུའི་ཁྲིད་སྟོན་བྱེད་དགོས་པ་དང་། སློབ་གྲྭའི་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོར་མཐོང་ཆེན་དང་ཤུགས་སྣོན་བརྒྱབ་ནས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ང་ཡི་ཀྲུང་ཧྭ་ལ་དགའ་བའི་ས་བོན་གཞོན་ནུ་ལོ་ཆུང་མི་རེ་ངོ་རེའི་སེམས་ཀྱི་ཞིང་སར་འདེབས་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བོད་ཀྱིས་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་མི་རིགས་ཀྱི་འཕེལ་ཕྱོགས་དང་འབྱུང་འགྱུར་མཐོང་ཐུབ་པའི་ཁྲིད་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པའི་ངོས་འཛིན་གཏིང་ཟབ་ཐུབ་པ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་དགོས།
    ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད། དེ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་རེད་ལ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་དམིགས་ཡུལ་ཡང་རེད། བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་ཁོང་དུ་བརྟན་པོར་ཆུད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་གཙོ་རྐང་དུ་བྱས་ནས་ལས་དོན་ཁག་ཡག་པོ་སྒྲུབ་པ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བཅས་བརྒྱུད། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོ་ཡོངས་སུ་བཞད་ཐུབ་ཚེ། ང་ཚོས་ཀྲུང་ཧྭ་མི་རིགས་བསྟུན་མཁས་རང་བཞིན་སྔར་བས་ཆེ་བ་དང་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་བའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་ཐུབ་པ་དང་། དམངས་སེམས་གཅིག་མཐུན་དང་ཕྱར་བ་གྲུ་འདེགས་ཀྱིས་མདུན་སྐྱོད་ལམ་གྱི་ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་ཐུབ་ངེས་རེད།