ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། སྨི་ཡུན་ཆུ་མཛོད་བསྐྲུན་ནས་ལོ་60འཁོར་བའི་མཚམས་སུ། ཟླ་8ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྨི་ཡུན་ཆུ་མཛོད་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་མཁན་ཡུལ་མི་ཚོར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྐུལ་ལྕག་གནང་བ་མ་ཟད། ཐུགས་རེ་ཟབ་མོ་ཡང་གནང་བ་རེད།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ལོ་60ཡི་གོང་ཁྱེད་ཚོས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུས་ནས་སྨི་ཡུན་ཆུ་མཛོད་སྐྲུན་པའི་དམག་འཐབ་ཆེན་པོའི་ནང་ཧུར་ཐག་ཞུགས་ཡོད། ལོ་60ཡི་རིང་ཁྱེད་ཚོས་ཆུ་མཛོད་སྲུང་སྐྱོང་བྱ་ཆེད་བཟོ་གྲྭ་དང་གཏེར་རི་སྒོ་བརྒྱབ་ནས་རྒྱལ་སའི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཁྱེད་ཚོས་རི་ཆུ་བཟང་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་འཚོ་བ་ཇེ་ལེགས་སུ་སོང་བ་ཤེས་སྐབས་ང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད་པ་རེད།
ཞི་ཅིན་ཕིང་གིས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་བྱས་རྗེས་དེང་འདིར་བཞག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པ་ཞིག་ཡིན། པེ་ཅིང་གི་སྤྱི་ལེ་གྲུ་བཞི་མ་ཆིག་ཁྲི་ལྷག་ཙམ་གྱི་རི་ཁུལ་ནི་རྒྱལ་སའི་སྣོད་བཅུད་སྲུང་ཡོལ་དང་ཆུ་ཁུངས་སྲུང་སྐྱོང་ཁུལ་གལ་ཆེན་ཞིག་ཡིན་པས་གནས་བབ་ཧ་ཅང་གལ་ཆེན་ཡིན། ངས་ཐོག་མཐའ་བར་གསུམ་དུ་སྨི་ཡུན་ཆུ་མཛོད་ལ་སེམས་ཁུར་བྱེད་ཀྱི་ཡོད། སྐབས་དེ་དུས་སྨི་ཡུན་ཆུ་མཛོད་བསྐྲུན་རྒྱུ་ནི་ཆུ་ལོག་སྔོན་འགོག་བྱེད་པའི་ཆེད་དུ་ཡིན། ད་ཆ་དེ་པེ་ཅིང་གི་ས་ངོས་འཐུང་ཆུའི་ཆུ་འགོའི་ཁུལ་དང་ཆུའི་ཐོན་ཁུངས་འཐབ་ཇུས་གྲབས་གསོག་རྟེན་གཞི་གལ་ཆེན་ཞིག་ཡིན་པའི་ངོས་ནས་རིན་ཐང་བྲལ་བའི་ནོར་བུ་ཞིག་ཏུ་གྱུར་ཡོད། ཁྱེད་ཚོས་ཡང་འབད་བསྐྱར་འབད་དང་ལས་དོན་ལེགས་པར་བསྒྲུབས་ནས་སྨི་ཡུན་ཆུ་མཛོད་མུ་མཐུད་སྲུང་སྐྱོང་ཡག་པོ་བྱས་ཏེ་མཛེས་སྡུག་ལྡན་པའི་པེ་ཅིང་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་དེ་འཐབ་ཇུས་རང་བཞིན་གྱི་ལས་འགན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་། སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཉིས་མཐའ་འཁྱོངས་བྱེད་པ། སྣོད་བཅུད་ཀྱི་ཆུ་རྩྭ་གསོ་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། སྣོད་བཅུད་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་མེས་རྒྱལ་གྱི་སྔོ་ཞིང་དྭངས་བའི་རི་ཆུར་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
|