མི་དམངས་དྲ་བ།

༄༅༎《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་
ནི་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་འགག་རྩའི་སློབ་ཚན་ཞིག་ཡིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་02ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་17པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ནི་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་འགག་རྩའི་སློབ་ཚན་ཞིག་ཡིན》ཞེས་པ་བཀོད་ཡོད།
     གསུང་རྩོམ་ནང་ནན་བཤད་གནང་དོན། གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་ཡིན། གཞོན་ནུ་ལོ་ཆུང་གི་སློབ་གསོའི་གལ་ཆེ་ཤོས་ནི་ཁོང་ཚོར་ཡང་དག་པའི་བསམ་བློ་ཡོད་པ་བྱས་ནས་ཁོང་ཚོ་ཡང་དག་པའི་ལམ་དུ་སྐྱོད་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དེ་ཡིན། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ནི་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་འགག་རྩའི་སློབ་ཚན་ཞིག་ཡིན་པས། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་གྱི་ནུས་པ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ་དང་། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་གྱི་དགེ་རྒན་དཔུང་ཁག་གི་འགན་འཁྲི་ལྕི་པོ་ཡོད། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཡག་པོ་གཉེར་བའི་ཆེས་རྩ་བ་ནི་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། མི་གསོ་སྐྱོང་གང་འདྲ་བྱེད་པ། སུའི་ཆེད་དུ་མི་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་འདི་ཐག་གཅོད་ཡག་པོ་བྱེད་དགོས་པ་དེ་ཡིན། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཡག་པོ་གཉེར་བར། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་སྤེལ་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་མི་གསོ་སྐྱོང་བྱས་ཏེ། སློབ་མར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཆེ་རུ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ། རྒྱལ་ཁབ་ལ་དགའ་ཞེན་གྱི་བསམ་བློ་དང་། རྒྱལ་ཁབ་སྟོབས་ཆེན་གྱི་ཕུགས་འདུན། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བྱ་སྤྱོད་བཅས་རང་རྟོགས་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བཅས་ཀྱི་འབད་འཐབ་ནང་མཉམ་འདྲེས་ཐུབ་པ་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས།
     གསུང་རྩོམ་ནང་བསྟན་དོན། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཡག་པོ་གཉེར་བར། འཛམ་གླིང་ཐོག་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ནས་ལྟ་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་པ་བཅས་ཀྱི་མཐོ་ཚད་ཐོག་ནས་ལྟ་དགོས། རང་རེའི་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བརྒྱར་ཕན་པའི་རླབས་ཆེན་བྱ་གཞག་གི་དོན་དུ་བློ་ཐག་ཆོད་པོས་གཞོལ་བཞིན་ཡོད་པས། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་ཆེད་དུ་ཚེ་གང་འབད་འཐབ་བྱེད་པར་གཞོལ་བའི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་མི་རབས་མང་པོ་བློ་ཐག་ཆོད་པོས་གསོ་སྐྱོང་བྱེད་དགོས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རིམ་པས་གོང་སྤེལ་དང་དུང་འཁྱིལ་བ་ལྟར་ཡར་འཕེལ་བའི་སྒོ་ནས་བསམ་བློ་ཆབ་སྲིད་སློབ་ཚན་བཀོད་སྒྲིག་བྱེད་རྒྱུ་དགོས་གལ་ཧ་ཅང་ཆེན་པོ་ཡིན། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་མི་རབས་མང་པོ་གསོ་སྐྱོང་བྱེད་པའི་འགན་ལེན་གལ་ཆེན་ཞིག་རེད།
     གསུང་རྩོམ་ནང་བསྟན་དོན། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཡག་པོ་འཁྲིད་རྒྱུ་ནི་ལས་སླ་པོ་ཞིག་མ་རེད། གང་ལགས་ཤེ་ན། སློབ་ཚན་འདིའི་རེ་བ་མཐོ་པོ་ཡོད། “དགེ་རྒན་འཚོལ་སླ་ཡང་། དགེ་རྒན་བཟང་པོ་རྙེད་དཀའ” བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་ཡག་པོ་འཚོག་ཐུབ་མིན་གྱི་འགག་རྩ་ནི་དགེ་རྒན་ལ་ཐུག་པ་དང་། དགེ་རྒན་གྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་བྱེད་རྒྱུར་ཐུག་ཡོད། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་དགེ་རྒན་གྱིས་སློབ་མའི་སེམས་ནང་བདེན་ལེགས་མཛེས་གསུམ་གྱི་ས་བོན་བཏབ་ནས་སློབ་མ་ཚོར་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་བར་ཁྲིད་སྟོན་བྱེད་དགོས་པ་སྟེ། གཅིག་ནས། ཆབ་སྲིད་ཀྱི་གོ་རྟོགས་མཐོ་པོ་དགོས། དད་མོས་ཡོད་མཁན་གྱི་མིས་དད་མོས་བྱེད་མཁན་གསོ་སྐྱོང་བྱེད་དགོས། གཉིས་ནས། བརྩེ་སེམས་ཟབ་མོ་དགོས། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་དང་། གནས་ལུགས་བརྒྱུད་སྤེལ་གྱི་བརྩེ་སེམས། བྱམས་བརྩེའི་བརྩེ་སེམས་བཅས་ཡོད་དགོས། གསུམ་ནས། བསམ་གཞིག་གསར་པ་ཡོད་དགོས། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཤེས་པ་བྱས་ནས་སློབ་ཁང་དུ་སློབ་ཁྲིད་བྱེད་སྟངས་གསར་གཏོད་བྱེད་དགོས། བཞི་ནས། མཐོང་རྒྱ་ཆེན་པོ་ཡོད་དགོས། ཤེས་བྱའི་མཐོང་རྒྱ་དང་། རྒྱལ་སྤྱིའི་མཐོང་རྒྱ། ལོ་རྒྱུས་ཀྱི་མཐོང་རྒྱ་བཅས་ལྡན་དགོས། ལྔ་ནས། རང་གཅུན་ནན་པོ་བྱེད་དགོས། སློབ་ཁྲིད་དང་སློབ་གསེང་གཅིག་མཐུན་ཡོང་བ་དང་། དྲ་ཐོག་དང་དྲ་ཕྱི་གཅིག་མཐུན་ཡོང་བ་བྱེད་དགོས། དྲུག་ནས། མི་གཤིས་དྲང་པོ་དགོས། བླ་ན་མེད་པའི་མི་གཤིས་ལ་བརྟེན་ནས་སློབ་མར་ཤུགས་རྐྱེན་ཐེབས་པ་དང་སློབ་མའི་ཡིད་བཀུག་ཐུབ་པ་དགོས།

  
style="display:none;"