འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་1ཉིན།

༄༅༎བོད་ཀྱིས་གྲངས་གཞི་ཆེན་མོའི་ཐོན་ལས་འཕེལ་རྒྱས་གཏོང་ཆེད་གཡས་གཞོགས་གཡོན་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་01ཉིན། 12:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     བོད་ལྗོངས་མཐོ་གསར་གྲངས་འཛིན་ཐོན་ལས་ཆེད་དོན་སྐུལ་འདེད་ཚོགས་ཆུང་ནས་ཤེས་རྟོགས་བྱས་པར། འདི་ལོའི་ལོ་སྟོད་དུ་བོད་དུ་ལྗོངས་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་ཡོང་འབབ་སྒོར་དུང་ཕྱུར་171.3ཟིན་པ་དེ་དུས་མཚུངས་ལས་22.3%འཕར་བ།
     གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྲེལ་ཡོད་འཆར་གཞི་དང་དེ་བཞིན“གྲངས་འཛིན་བོད་ལྗོངས”དང“རིག་ལྡན་བོད་ལྗོངས”བསྐྲུན་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་ཇུས་གཞི་བཏོན་པ།
     “བོད་དུ་ལོ་འཁོར་མོ་དྲོད་ཚད་དམའ་བ་དང་མཁའ་རླུང་སྐམ་ཤས་ཆེ་བ་མ་ཟད། གསོ་རླུང་འདུས་ཚད་དམའ་པོ་ཡོད། དེ་ནི་ང་ཚོས་བོད་དུ་མ་དངུལ་གཏོང་བའི་རང་བྱུང་གི་ལེགས་ཆ་ཡིན”བོད་ལྗོངས་ཉིང་རྩིས་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིའི་ཙུང་ཚའེ་ཅང་ཉིང་གིས་ངོ་སྤྲོད་བྱས་པར། རང་བྱུང་དྲོད་ཚད་དམའ་བ་དེས་ང་ཚོས་བོད་དུ་གྲངས་གཞི་ཆེ་མོའི་ལྟེ་གནས་འཁོར་སྐྱོད་ཀྱི་མ་གནས་དེ་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་དེ་བཞིན་འཛམ་གླིང་རྒྱལ་ཁབ་མང་པོ་ལས་དམའ་བ་ཡོད་པ་དང་གློག་15%ནས་20%བར་གྲོན་ཆུང་ཐུབ་ཀྱི་ཡོད།
     བོད་ལྗོངས་ཉིང་རྩིས་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི་དེ་ལྷ་ས་གྲོང་ཁྱེར་མཐོ་གསར་ཁུལ་དུ་ཡོད་པ་དང་བོད་ཀྱི་སྤྲིན་རྩིས་གྲངས་གཞི་ལྟེ་གནས་ཆེ་ཤོས་དེ་རེད། ཁེ་ལས་ཀྱི་ས་བཟུང་རྒྱ་ཁྱོན་སྨི་ངོ་གྲུ་ཁྲི་64.5བཟུང་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་118བཏང་ཡོད་ལ་འཕྲུལ་སྒྲོམ་ཁྲི་བདུན་ཤོང་བ་དང་དུས་ཐེངས་གསུམ་གྱི་རྣམ་གྲངས་ཚང་མ་བསྐྲུན་རྗེས་ལོར་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་བརྒྱ་ཟིན་རྒྱུ་རེད།
     “དེ་ནི་མིག་སྔར་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཚན་རྩལ་ཁེ་ལས་ཤིག་རེད་ཅེས་བརྗོད་ཆོག་པ་དང་འབྱུང་འགྱུར་བོད་ཀྱི་མཐོ་གསར་ལག་རྩལ་ཐོན་ལས་འཕེལ་རྒྱས་ལ་དཔེ་སྟོན་གྱི་ནུས་པ་ཐོན་རྒྱུ་རེད”ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ལི་མིང་ཅན་གྱིས་དེར་བརྟེན་བོད་ཀྱིས་མ་དངུལ་དང་། གློག་རིན། རྨང་གཞིའི་སྒྲིག་བཀོད་སོགས་ཐད་ནས་རྒྱབ་སྐྱོར་བྱས་ཡོད་ཅེས་བརྗོད་བྱུང་།
     འཆར་འགོད་གཞིར་བཟུང་། རྣམ་གྲངས་ཀྱི་དུས་ཐེངས་གསུམ་ལ་ཁག་སོ་སོར་མ་དངུལ་སྒོར་དུང་ཕྱུར་28དང་། སྒོར་དུང་ཕྱུར་30 སྒོར་དུང་ཕྱུར་60བཅས་གཏོང་རྒྱུ་རེད། མིག་སྔར་དུས་ཐེངས་དང་པོའི་དུམ་མཚམས་དང་པོའི་རྣམ་གྲངས་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཤིང་། ཁེ་ལས་ཀྱི་རྗེས་མཐུད་འཛུགས་སྐྲུན་དང་འཕེལ་རྒྱས་འགན་ལེན་བྱ་ཆེད་བོད་ཀྱིས་ས་གནས་སྲིད་གཞུང་གི་བུན་འཛིན་ཁྲོད་ནས་སྒོར་དུང་ཕྱུར་གཉིས་བཏང་བ་དང་ཚོང་ལས་དངུལ་ཁང་གིས་སྐྱེད་གསབ་དངུལ་བུན་བཏང་སྟེ། རིམ་བརྩིས་བྱས་ན་དངུལ་བུན་སྒོར་དུང་ཕྱུར་3ཙམ་བཏང་ཡོད།
     ད་ཆ་གྲངས་གཞི་ཆེ་མོའི་ཀུང་སི་དེས་པེ་ཅིང་དུ་ཚོད་འཛིན་ལྟེ་གནས་བསྐྲུན་པ་དང་ནན་ཅིང་དུ་ཞིབ་སྤེལ་རྟེན་གཞི་བཙུགས་ཏེ“བོད་ཀྱི་གཞི་ཁྱོན་ཆེ་བའི་གྲངས་གཞིའི་ལྟེ་གནས+པེ་ཅིང་རྒྱང་ཚོར་ཚོད་འཛིན་ལྟེ་གནས+ནན་ཅིང་ཞིབ་སྤེལ་ལྟེ་གནས”བཅས་སྐྲུན་པ་དང་འབྲེལ་གསར་སྤེལ་གྱི་ཁེ་བེད་བདག་ཐོབ་རག་པའི་ནང་མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ལ་གསར་སྤེལ་གྱི་ཁེ་བེད་བདག་ཐོབ་8རག་ཡོད།
     མིག་སྔར་ཁེ་ལས་འཕེལ་རྒྱས་ཀྱི་དཀའ་ངལ་ཆེ་ཤོས་ནི་གློག་རིན་གྱི་དཀའ་ངལ་ཡིན་ཞིང་། ནང་སའི་གྲངས་གཞི་ཆེ་མོའི་ཐོན་ལས་ཀྱི་གློག་རིན་དང་བསྡུར་ན། བོད་ཀྱི་གློག་རིན་ཅུང་མཐོ་བ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གྲངས་གཞི་ཆེ་མོའི་ཐོན་ལས་ཀྱི་མ་གནས་གཙོ་བོའི་གཏོང་སྒོ་ནི་གློག་རིན་ཡིན་པ་དེས་སྤྱིའི་གཏོང་སྒོའི་70%ཙམ་བཟུང་གི་ཡོད། ཆུ་གློག་ཐོན་ཁུངས་ཕུན་སུམ་ཚོགས་པའི་བོད་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་པ་བརྒྱུད། གྲངས་གཞི་ཆེ་མོའི་ཐོན་ལས་ལ་གཟིགས་སྐྱོང་གློག་རིན་མཁོ་འདོན་བྱས་ནས་སྔོན་རྩིས་བྱས་ན་ཏུའུ་རེར་གློག་རིན་སྒོར་ཟུར་0.3བྱ་རྒྱུ་རེད།
     “ང་ཚོའི་ཁེ་ལས་2017ལོར་བོད་དུ་བཙུགས་ཚུན་ས་གནས་སྲིད་གཞུང་གིས་དཔྱ་ཁྲལ་དང་། ཁ་གསབ། ས་ཆ་སོགས་ཐད་ནས་རྒྱབ་སྐྱོར་བྱས་ཡོད”ཅང་ཉིང་གིས་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་ལ་དྲིན་གཟོ་ཆེད་ང་ཚོས་གཉིས་གཏོད་ལས་སྟེགས་བསྐྲུན་པ་དང་ས་གནས་ཀྱི་ཚན་རྩལ་ཁེ་ལས་སྐྱོང་གསོ་བྱས་ཡོད།
     འབྱུང་འགྱུར་སྤྲིན་རྩིས་ཚན་རྩལ་གྱིས་གྲངས་གཞིའི་ལྟེ་གནས་སྤྱད་དེ་སྤྲིན་རྩིས་ལྟེ་བར་བྱས་པའི“ཀྲུང་དབྱང+ཐག་རིང་ས་ཁུལ”གྱི་AIརྩིས་རྒྱག་སྒྲོམ་གཞིའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ནུབ་རྒྱུད་ས་ཁུལ་གྱི་མ་གནས་ཆུང་བའི་རིམ་འདས་རྩིས་རྒྱག་ལྟེ་གནས་བསྐྲུན་ཏེ་ལད་མོ་དང་ཁ་གསལ་བརྙན་ལམ་ཐག་གཅོད་སོགས་5Gདུས་རབས་བཟོ་ལས་ཐོན་སྐྱེད་ལ་ཞབས་འདེགས་ཞུ་རྒྱུ་རེད།
     ད་ཕན་ལོ་ཤས་རིང་བོད་ཀྱིས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་ནས་སྤྲིན་རྩིས་དང་། གྲངས་གཞི་ཆེ་མོ། མི་ཐབས་རིག་ནུས་སོགས་རབས་གསར་པའི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་མགྱོགས་མྱུར་ཁྱབ་གདལ་བཏང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་གྲངས་འཛིན་དཔལ་འབྱོར་གནས་བབ་སྔར་བས་མངོན་པ་བྱ་རྒྱུ་རེད།
     གསར་འགོད་པས་བོད་ལྗོངས་མཐོ་གསར་གྲངས་འཛིན་ཐོན་ལས་ཆེད་དོན་སྐུལ་འདེད་ཚོགས་ཆུང་ནས་ཤེས་རྟོགས་བྱས་པར། འདི་ལོའི་ལོ་སྟོད་དུ་བོད་དུ་ལྗོངས་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་ཡོང་འབབ་སྒོར་དུང་ཕྱུར་171.3ཟིན་པ་དེ་དུས་མཚུངས་ལས་22.3%འཕར་ཡོད། མིག་སྔར་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྲེལ་ཡོད་འཆར་གཞི་དང་དེ་བཞིན“གྲངས་འཛིན་བོད་ལྗོངས”དང“རིག་ལྡན་བོད་ལྗོངས”བསྐྲུན་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་ཇུས་གཞི་བཏོན་པར་བརྟེན་5Gདྲ་རྒྱ་དང་། གྲངས་གཞིའི་ལྟེ་གནས། བཟོ་ལས་དྲ་སྦྲེལ། ཟོག་འགྲེམས་དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད་པ་རེད།