འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་1ཉིན།

༄༅།།འཛམ་གླིང་ཡང་རྩེར་བཏོད་པའི“ཀྲུང་གོའི་བྱས་རྗེས་ངོ་མཚར་ཅན”

—— ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་གྱི་བོད་ཀྱི་འཕེལ་རྒྱས་སྐོར་གྱི་དངོས་བྲིས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་01ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འཛམ་གླིང་ཡང་རྩེར་བཏོད་པའི“ཀྲུང་གོའི་བྱས་རྗེས་ངོ་མཚར་ཅན”
    འོད་ཟེར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཀརྨ་རྡོ་རྗེ།
   2015ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་སྟེ། དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་དགོངས་པ་དང་། དམིགས་ཚད་ལས་འགན། རྩ་དོན་གལ་ཆེན། དམིགས་ས་དང་ཤུགས་རྒྱག་ས། འགོ་འཛུགས་ས་དང་དོན་ལ་བབས་ས་བཅས་ཁ་གསལ་བཏོན་གནང་བ་དང་། དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་གནང་བ། རྣམ་གྲངས་གལ་ཆེན་རབ་དང་རིམ་པ་འཆར་འགོད་གནང་བ་མ་ཟད། སྐུ་ངོ་མས་བོད་ཀྱི་ལས་དོན་གྱི་ཁ་ཕྱོགས་གཏན་འཁེལ་དང་བཀོད་པ་འཆར་འགོད་གནང་ནས་དུས་རབས་གསར་པའི་བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན། སྒུལ་ཤུགས་ཆེན་པོ་བསྣན་པ་བཅས་གནང་སྟེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་ལེའུ་གསར་པ་ཞིག་རྩོམ་འགོ་ཚུགས་ཡོད།
ལོ་5ཡི་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དྲིན་ཚོར་འབད་འབུངས་བྱས་པས། བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་འཛམ་གླིང་ཡང་རྩེར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི“ཀྲུང་གོའི་བྱས་རྗེས་ངོ་མཚར་ཅན”རེ་རེ་བཞིན་བཏོད་ཡོད།
   དཔལ་འབྱོར་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བའི“གཤོག་ཟུང”བསྒར་བ།
   ཉེ་བའི་ལོ་ཤས་རིང་། བོད་དུ་ལྕགས་ལམ་ཚུད་པའི་འགྲིམ་འགྲུལ་བྱ་གཞག་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པ་དང་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་10ལྷག་ཙམ་ཟིན་པའི་ནང་རིམ་མཐོའི་གཞུང་ལམ་སྤྱི་ལེ་660ཟིན་པ་དང་། གནམ་གྲུ་ཤར་གཏོང་ཐུབ་པའི་གནམ་ཐང་5བསྐྲུན་པ། རྒྱལ་ནང་དང་རྒྱལ་སྤྱིའི་མཁའ་ལམ་92ཤར་གཏོང་བྱས་པ། ལྕགས་ལམ་དང་། གཞུང་ལམ། མཁའ་ལམ། སྦྲག་སྲིད་སོགས་སྐྱེལ་འདྲེན་བྱེད་སྟངས་སྣ་མང་ལས་གྲུབ་པའི་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛམ་གླིང་ཡང་རྩེར་མངོན་ཡོད། མན་ལ་དང་ཕུ་མདོ་སོགས་ཆུ་བེད་ལྟེ་བའི་ལས་གྲྭ་འབོར་ཆེན་ཞིག་བསྐྲུན་ནས་བེད་སྤྱོད་གཏོང་འགོ་ཚུགས་རྗེས། བོད་ཀྱི་ཆུ་བེད་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་མ་དངུལ་གཏོང་མང་ཤོས་ཡིན་པའི་ལ་ལྷོ་ཆུ་བེད་ལྟེ་བའི་ལས་གྲྭ་དང་དེའི་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭ་ལས་མཇུག་འགྲིལ་ཉེར་ཡོད་པ་དང་། མཚོ་བོད་དང་ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭར་གློག་ཤུགས་ཀྱི“མཁའ་ལམ”བསྐྲུན་པ་དང་། ས་མཐོར་འོད་སྣང་སྦྱིན་པས་བོད་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གི་རྒྱུ་རྐྱེན་ལོ་རྒྱུས་རང་བཞིན་གྱིས་བསལ་ཡོད།
   འཕེལ་རྒྱས་ནི་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔ་རྗེས་སུ“ལོ་ལྔ་ཚན་བཅུ་གཉིས་པར”སྒོར་དུང་ཕྱུར་3305དང“ལོ་ལྔ་ཚན་བཅུ་གསུམ་པར”སྒོར་དུང་ཕྱུར་6576བཏང་སྟེ་ཀྲུང་དབྱང་གིས་བོད་ལ་རོགས་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་གཏན་འཁེལ་བྱས་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་ཕན་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་གནང་ཡོད།
   2019ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1697ཟིན་པ་དང་། དཔལ་འབྱོར་འཕར་ཚད་ལོ་7བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་གྱི་ཨང་གསུམ་པར་སླེབས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་37410དང་སྒོར་12951སོ་སོར་ཟིན་པ། དམིགས་ཚད་གཉིས་ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་དབུལ་སྒྲོལ་བྱུང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པར་རེ་བ་ཆེན་པོ་ཡོད་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི་340ལྷག་ཙམ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་བཞིན་ཡོད་པ་རེད།
   སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་བ།
   བོད་ཀྱི་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཆེན་པོ་གནང་གི་ཡོད། 2017ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོས་མཐའ་མཚམས་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་ལྕག་སྐུལ་གནང་བ་རེད།
    བོད་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་མགྱོགས་པོ་བྱས་ཡོད། 2018ལོར་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་བ་དང་རིང་ཚད་ལ་སྤྱི་ལེ་34ཡོད་པའི་ལྷུན་རྩེ་རྫོང་རྩ་རི་ཤང་ཆུ་བཟང་གྲོང་ཚོ་ནས་ཡུལ་སྨད་ཤང་བར་གྱི་སྣུམ་ནག་གཞུང་ལམ་བདེ་བླག་ངང་བསྐྲུན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དོ་ཁུར་གནང་བའི“མཐའ་མཚམས་ཀྱི་ཁེར་ཆགས་གླིང་ཕྲན”ཡུལ་སྨད་བོད་ཀྱི་གཞུང་ལམ་གཙོ་བོའི་དྲ་བ་དང་འབྲེལ་མཐུད་བྱུང་ཡོད།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་རང་སྐྱོང་ལྗོངས་ཀྱིས་སྟངས་འཛིན་བྱས་པའི་མ་དངུལ་གྱི་90%ཡན་གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་ལ་གཟིགས་སྐྱོང་བྱས་ནས་ལོ་ལྟར་མང་ཚོགས་ལ་བྱ་བ་དངོས་10བསྒྲུབ་རྒྱུའི་བརྩོན་ལེན་བྱས་པས། མི་རིགས་ཁག་གི་མང་ཚོཌ་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇཌ་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
བོད་ཀྱིས་དམངས་འཚོ་འགན་ལེན་ཏན་ཏིག་དང་ལེཌ་སུ་ཤུཌ་ཆེན་བཏང་བས། 2019ལོར་ལྗོངས་ཡོངས་ཀྱི་དམངས་འཚོའི་བདེ་རྩ་ཇེ་ཆེར་སོང་བ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12951ཟིན་ཡོད། འགན་བཅོལ་ཆེན་པོ་ལྔས་གཙོ་བོ་བྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་བསྐྲུན་པས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་འགན་བཅོལ་ནང་ཞུགས་ཚད་95%ཟིན་ཡོད། “ནད་ཆེན”རིགས་367རང་སྐྱོང་ལྗོངས་ནས་བཅོས་ཐུབ་པ་དང་། “ནད་འབྲིང”རིགས་2200ས་ཁུལ་དང་གྲོང་ཁྱེར་ནས་བཅོས་ཐུབ་པ་བྱུང་ནས་མི་རེའི་ཆ་སྙོམས་ཚེ་ཚད་2010ལོའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་སྐབས་ཀྱི་ལོ་68.2ནས་ལོ་70.6བར་མཐོ་རུ་ཕྱིན་ཡོད།
    སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཕན་འབྲས་ཐོན་པ།
   འབྱོར་འབྲིང་ཕྱོགས་ཡོངས་ནས་བསྐྲུན་ཐུབ་མིན་ཐད་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ནི་འགག་རྩ་རེད། 2019ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལྗང་མདོག་ཨར་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་428.2ཟིན་ནས་གཙོ་གནད་ས་ཁོངས་ཀྱི་སྣོད་བཅུད་སྤྱི་ཕན་ནགས་ཚལ་དང་། བྱེ་འགོག་བྱེ་འཇགས། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁོངས་སུ་ནགས་བཟོ་སྔོ་འགྱུར་བཅས་རྒྱུན་མཐུད་ངང་སྤེལ་བ་དང་། ནགས་བཟོ་མུའུ་ཁྲི་130.7བྱས་པ། ཆ་རྐྱེན་ཡོད་པའི་ས་ཆར“གྲོང་ཚོ་དང་དུད་ཚང་དེ་བཞིན་ཚན་པ་ཚང་མར་སྐྱེ་ཤིང་ཡོད་པ་བྱེད་དགོས་པའི”དམིགས་ཚད་ལས་འགན་ཡོངས་སུ་སྔ་སྣུར་དུ་ལེཌ་གྲུབ་བྱུང་ཡོད།
    བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གི་ཐིང་ཀྲང་ནོར་རྒྱལ་གྱིས་ངོ་སྤྲོད་བྱས་པ་ལྟར་ན། 2019ལོའི་བར་བོད་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་117བཏང་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པ་དང་། སྔ་རྗེས་སུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་60ལྷག་ཙམ་ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཆེད་ཁྲིམས་སྐྱོང་གི་འགན་ལེན་བྱས་ཡོད། བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གིས་གསར་དུ་ཡོངས་བསྒྲགས་བྱས་པའི《2019ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་གི་གནས་ཚུལ་སྐོར་གྱི་སྤྱི་བསྒྲགས》ལས་མངོན་པ་ལྟར་ན། 2019ལོར་བོད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་དང་སྣོད་བཅུད་མ་ལག་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། སྔར་བཞིན་འཛམ་གླིང་ཐོག་གི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་རེད།
    སྲུང་སྐྱོང་ནི་ཕུགས་ཀྱི་འཕེལ་རྒྱས་ཆེད་རེད། ལོ་ངོ་འདི་དག་གི་རིང་། བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་མང་ཚོགས་ནགས་བཟོ་སྔོ་འགྱུར་དང་བྱེ་འགོག་བྱེ་འཇགས་སོགས་སྣོད་བཅུད་ལས་གྲྭའི་འཛུགས་སྐྲུན་ནང་ཞུགས་རྒྱུར་ལྕག་སྐུལ་དང་ཁྲིད་སྟོན་བྱས་ཏེ་ཞིང་འབྲོག་པའི་ཡོང་འབབ་འཕར་གང་ཐུབ་བྱས་པས་ལོ་རེར་ཞིང་འབྲོག་པ་ཁྲི་10ཡན་རྒྱལ་ཁབ་ས་ཆ་སྔོ་འགྱུར་ནང་ཐད་ཀར་ཞུགས་པ་དང་། མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་3000ཡན་མང་དུ་སོང་ཡོད།