འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་31ཉིན།

༄༅།།དབུ་བཞུགས་བློན་ཆེན་ཨ་པེ་ཤིན་ཟོ་ཡི་རྒྱུན་འཛིན་སུ་ཡིན་སྲིད། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་31ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཨ་པེ་ཤིན་ཟོ་(གཡས)དང་ཧྲི་ཕའོ་མོ།
ཨ་པེ་ཤིན་ཟོ་(གཡས)དང་ཧྲི་ཕའོ་མོ།
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་30ཉིན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨ་པེ་ཤིན་ཟོ་ཡིས་ཚེས་28ཉིན་གཟུགས་པོ་མི་བདེ་བའི་རྐྱེན་གྱིས་ལས་ཁུར་དགོངས་ཞུ་ཁྱབ་བསྒྲགས་བྱས་པ་དང་། སྔ་ཙམ་ནས་རྩིས་སྤྲོད་ཐུབ་པའི་རེ་བ་ཞུས་ཡོད། སྲིད་འཛིན་ཏང་གི་རང་དབང་དམངས་གཙོ་ཏང་གིས་ཕལ་ཆེར་ཟླ་9ཚེས་15ཉིན་ཏང་གི་གཙོ་འཛིན་གྱི་འདེམ་བསྐོ་བྱ་རྒྱུ་རེད། རང་དམངས་ཏང་ནང་ཨ་པེ་ཤིན་ཟོ་ཡི་ལས་འགན་འཁུར་བའི་འོས་མི་མི་ཉུང་བ་ཡོད་པ་དང་། རང་སོ་སོར་འདེམ་བསྐོ་འགྲན་བསྡུར་གྱི་ལེགས་ཆའང་མི་འདྲ་བ་ཡོད།  
    ཧྲི་ཕའོ་མོ།  འདེམ་ཤོག་སྟབས་བདེ་བཏང་བས་གཞི་རིམ་གྱི་ལེགས་ཆ་ཇེ་ཆུང་དུ་གྱུར། 
    རང་དབང་དམངས་གཙོ་ཏང་གི་ལས་འཛིན་འགོ་གཙོ་ཟུར་པ་ཧྲི་ཕའོ་མོ་ལ་གཞི་རིམ་ཏང་ཡོན་ནང་དུ་རྒྱབ་སྐྱོར་ཆེན་པོ་ཡོད། ཉེ་ཆར། དམངས་འདུན་རྟོག་ཞིབ་ཁྲོད་བསྟུད་མར་ཨ་པེ་ཤིན་ཟོ་ལས་བརྒལ་ནས། ཆེས་འོས་འཚམ་ཡིན་པའི་དབུ་བཞུགས་བློན་ཆེན་འོས་མིར་བདམས་ཡོད།
2018ལོར་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་འདེམ་བསྐོ་བྱེད་དུས། ས་གནས་ཏང་ཡོན་དང་རྒྱབ་སྐྱོར་བྱེད་མཁན་གྱིས་འདེམ་ཤོག་འཕེན་དུས་ཨ་པེ་ཤིན་ཟོ་ཧྲི་ཕའོ་ལས་རྒྱལ་ཙམ་བྱུང་བ་རེད། ཡིན་ནའང་། རྒྱལ་ཚོགས་གྲོས་མིའི་ནང་རྗེས་མ་ལས་འདེམ་ཤོག་ལྡབ་4.5གྱིས་མང་བ་ཐོབ་ཡོད། རང་དམངས་ཏང་གི་ལས་བྱེད་འགོ་འཛིན་ཨར་ཅའེ་ཅུན་པའོ་ཡི་བཤད་སྟངས་ལྟར་ན། ཟླ་9པའི་འགོ་འཛིན་འདེམ་བསྐོ་བྱེད་སྐབས་ས་གནས་ཏང་ཡོན་དང་རྒྱབ་སྐྱོར་བྱེད་མཁན་གྱིས་འདེམ་ཤོག་མི་འཕེན་རྒྱུ་དང་། རང་དམངས་ཏང་གི་རྒྱལ་ཚོགས་གྲོས་མི་394དང་ས་གནས་47ཡི་འཐུས་མི་3རེ་ཞུགས་རྒྱུ་རེད། གདམ་བྱའི་འོས་མིས་ཁྱོན་འདེམ་ཤོག་535འགྲན་རྩོད་བྱ་རྒྱུ་རེད། 
   ཧྲི་ཕའོ་ཕྱོགས་ཁག་ནི་རང་དམངས་ཏང་ནང་གི་ཕྱོགས་ཁག་ཆུང་ཆུང་ཞིག་དང་རྒྱལ་ཚོགས་སུ་ཁྱོན་བསྡོམས་གྲོས་མི་19ཡོད། སྤྱི་མཐུན་ཚགས་པར་ཁང་གི་གསལ་འགྲེལ་ནང་། འདེམ་བསྐོའི་འདེམ་ཤོག་སྟབས་བདེ་བཏང་བ་ཡིས་ཧྲི་ཕའོ་འདེམ་བསྐོ་ཐུབ་མིན་ལ་རྡུང་རྡེག་ཚབས་ཆེན་བཏང་ཡོད་པ་དང་། ཏང་གི་འགོ་འཛིན་ འདེམ་བསྐོ་བྱེད་པར་ཉུང་མཐར་ཡང་རྒྱལ་ཚོགས་གྲོས་མི་20ཡི་མིང་འདོན་དགོས་ཞེས་བརྗོད་ཡོད། 
    ཨན་ཐན་ཝུན་ཞུང་། རྒྱབ་སྐྱོར་བྱེད་མཁན་ཡོད་ཀྱང་དཔོན་ཉམས་མེད། 
    ཕྱི་དོན་བློན་ཆེན་ཟུར་པ་ཨན་ཐན་ཝུན་ཞུང་གིས་འགོ་ཁྲིད་བྱས་པའི་ཨན་ཐན་ཕྱོགས་ཁག་ལ་རྒྱལ་ཚོགས་སུ་གྲོས་མི་47ཡོད། 
   སྤྱི་མཐུན་ཚགས་པར་ཁང་གིས་གནས་འཕྲིན་སྤེལ་བ་ལྟར་ན། ཨན་ཐན་ནི་ཨ་པེ་ཤིན་ཟོ་ཡི་རྒྱུན་འཛིན་པ་ལ་ངོས་འཛིན་གྱི་ཡོད་པ་རེད། ད་བར་དུ་“ངང་རྒྱུད་རིང་པོས་དབུ་བཞུགས་བློན་ཆེན་དུ་འགྱུར་བའི་ཉིན་དེར་སྒུག་ཡོད།”  ཡིན་ནའང་ཚོར་ཤུགས་དྲག་པོ་མེད། ཨན་ཐན་ཕྱོགས་ཁག་གི་ནང་ཁུལ་དུའང་ཁ་ཤས་ཀྱིས་ཁོང་ལ་འགོ་ཁྲིད་ཀྱི་ཉམས་མེད་པར་འདོད་ཡོད། འདིའི་ཐད་ཏང་ཡོན་ཁ་ཤས་ཀྱིས་རྗེས་ཕྱོགས་གྲོས་ཁང་འོག་མའི་འདེམས་བསྐོ་བྱེད་དུས་རྣམ་པ་བརྗིད་པོ་མི་ཐོན་པར་སེམས་ཁྲལ་བྱེད་བཞིན་ཡོད།
ཨ་པེ་ཤིན་ཟོ་ཡིས་རང་ཉིད་ཡི་རང་སའི་རྒྱུད་འཛིན་པ་སུ་ཡིན་པའི་ཐད་སྐད་ཆ་བརྗོད་མེད། ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཡི་བློན་ཆེན་གཅིག་ལྕོགས་ཡིན་པའི་མཱ་སན་ཐའེ་ལན་གྱིས་ཚེས་28ཉིན་འདེམ་བསྐོ་བྱེད་མོས་མེད་པ་བསྟན་པ་དང་། ཁོང་གིས་ཁོང་དང་བློ་ཁ་མཐུན་པའི་གདམ་བྱའི་འོས་མི་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བཤད། མཱ་ཧྲན་ནི་2008ལོ་ནས་2009བར་དབུ་བཞུགས་བློན་ཆེན་བྱས་པ་རེད། ཁོང་གིས་འགོ་ཁྲིད་པའི་མཱ་ཧྲན་ཕྱོགས་ཁག་ལ་རྒྱལ་ཚོགས་གྲོས་མི་54ཡོད། 
   འཇར་པན་སློབ་ཆེན་ཁྲིམས་ལུགས་རིག་པའི་དགེ་རྒན་ཆེན་མོ་བ་ཡན་ཆི་ཀྲེན་ཡཱང་གིས་སྤྱི་མཐུན་ཚགས་པར་གྱི་གསར་འགོད་པ་ལ་བཤད་དོན། མཱ་ཧྲན་གྱིས་ཨན་ཐན་ལ་རྒྱབ་སྐྱོར་བྱ་སྲིད་པ་དང་། ཁོ་རང་“རྒྱལ་པོ་བཟོ་མཁན”གྱི་ངོས་ནས་སྲིད་གཞུང་གསར་པར་མུ་མཐུད་དུ་ཤུགས་རྐྱེན་བཟོ་རྒྱུ་རེད། 
   ཅན་དབྱི་ཝེ། ཕྱོགས་ཁག་མེད་ཀྱང་ཤུགས་རྐྱེན་ཆེན་པོ་ལྡན། 
    ནང་བློན་ཁང་གི་དཔོན་པོ་ཅན་དབྱི་ཝེ་2012ལོའི་ལོ་མཇུག་ནས་བཟུང་ཨ་པེ་ཡི་དཔུང་ཡ་བྱས་ཡོད། ཁོང་གིས་ཏང་གི་འགོ་འཛིན་འདེམ་བསྐོ་ལ་མོས་པ་མེད་པར་བཤད་ཀྱང་།  འོས་འགན་འཁུར་ནས་ལོ་ངོ་8ལ་ཉེ་བའི་ཤུགས་རྐྱེན་ཆེན་པོས་ཁོང་རང་སྔར་བཞིན་རྒྱུད་འཛིན་པའི་འོས་མི་གཅིག་ཏུ་གྱུར་བཅུག་ཡོད། 
   ཅན་དབྱི་ཝེ་ནི་རང་དམངས་ཏང་ནང་དུ་ཕྱོགས་གང་ལའང་མི་གཏོགས་པ་རེད། ལག་ཐོག་ཡོད་པའི་འདེམ་ཤོག་ཁ་གྲངས་མང་པོ་མེད་མོད། ཡིན་ནའང་། དུས་ཡུན་རིང་པོར་ཇུས་ཐག་གཅོད་མཁན་ཡིན་པའི་ཆ་ནས་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་འགན་ལེན་ཏན་ཏིག་བྱ་ཐུབ། 
    དེ་མིན་རྒྱུད་འཛིན་པ་ཡིན་སྲིད་པའི་ནང་ད་ལྟའི་ཕྱི་དོན་བློན་ཆེན་མའོ་མུའུ་མིང་ཁྲང་དང་། འགོག་སྲུང་བློན་ཆེན་ཧོ་ཡེ་ཐའེ་ལན་གཉིས་ཡོད། ཁོང་གཉིས་ཀས་དེ་སྔོན་ཨ་རིར་སློབ་སྦྱོང་བྱས་མྱོང་ཞིང་དབྱིན་སྐད་ལ་བྱང་ཆ་ལྡན། དེས་འཇར་པན་གྱི་རྒྱལ་སྤྱིའི་ཐོག་གི་སྐད་གྲགས་ཆོད་ཚད་ཇེ་མཐོར་གཏོང་བར་ཕན་ཐོགས་ཡོད། 
    རིག་གནས་ཚན་རིག་བློན་ཆེན་ཟུར་པ་ཞ་ཚུན་པའོ་ཝུན་འདེམ་བསྐོ་འགྲན་བསྡུར་ལ་ཞུགས་མོས་ཡོད་པ་དང་། ཁོང་ནི་རང་དམངས་ཏང་གི་ཕྱོགས་ཁག་ཆེ་ཤོས་ཞི་ཐན་ཕྱོགས་ཁག་ལ་གཏོགས་པ་རེད། དེ་ལ་རྒྱལ་ཚོགས་གྲོས་མི་97ཡོད། འགོག་སྲུང་བློན་ཆེན་ཟུར་པ་དང་། ཨ་པེ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་མཁན་ཏའོ་ཐན་ཕུན་མེ་དང་། སྤྱི་གཉེར་བློན་ཆེན་ཟུར་པ་ཡེ་ཐན་ཧྲེན་ཙིས་བཅས་ཀྱིས་ཏང་གི་འགོ་འཛིན་འདེམ་བསྐོ་འགྲན་བསྡུར་ལ་ཞུགས་མོས་ཡོད་པ་བསྟན། 
   འགོ་འཛིན་གསར་པ། ལོ་གཅིག་གི་འགན་འཛིན་ཡུན་ཚད་ནང་དཀའ་གནད་མང་པོ་ཡོད།
    རང་དམངས་ཏང་གི་འགོ་འཛིན་གསར་པས་ཨ་པེ་ཤིན་ཟོ་ཡིས་ལྷག་ལུས་འགན་འཛིན་ཡུན་ཚད་འཁུར་དགོས་པ་སྟེ། སང་ལོའི་ཟླ་9པར་སྤེལ་བའི་རང་དམངས་ཏང་གི་སྤྱི་ཁྱབ་འགོ་འཛིན་འདེམས་བསྐོ་ཆེན་མོ་བར་འཁུར་དགོས་པ་རེད། 
    ཐུན་མོང་ཚགས་པར་ཁང་གི་གསལ་འགྲེལ་ནང་། ཨ་པེ་ཡི་རྒྱུན་འཛིན་པའི་ཁུར་པོ་ཡང་པོ་མེད། ནང་སྲིད་ཐད། ཏོག་གསར་རིམས་ནད་ལ་ཚོད་འཛིན་བྱེད་པ་དང་ཆབས་ཅིག་རིམས་ནད་ཀྱིས་རྡུང་རྡེག་ཚབས་ཆེན་བཏང་བའི་དཔལ་འབྱོར་སླར་གསོ་བྱེད་དགོས་ལ། ཕྱིར་འཐེན་བྱས་པའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་མུ་མཐུད་གྲ་སྒྲིག་བྱེད་དགོས། ཕྱི་འབྲེལ་ཐད། འཇར་པན་དང་ཁོ་རི་ཡི་བར་གྱི་ཛ་དྲག་གི་འབྲེལ་བ་དང་། འཇར་པན་དང་ཨུ་རུ་སུའི་མངའ་ཁོངས་ཀྱི་རྩོད་གཞི། ཁྲའོ་ཞན་གྱི་གསང་མྱུལ་བས་འཇར་པན་བ་བཙན་ཁྲིད་བྱས་པའི་གནད་དོན་སོགས་ཐག་གཅོད་བྱེད་དགོས།
【1】  【2】
ཨན་ཐན་ཝུན་ཞུང་།
ཨན་ཐན་ཝུན་ཞུང་།