འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་28ཉིན།

༄༅༎རྩྭ་ཐང་འབྲོག་ཁུལ་མཛེས་ལྗོངས་ཁུལ་དུ་འགྱུར་ནས་འབྲོག་པར་ཡུལ་སྐོར་ཡོང་འབབ་ཐོབ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་28ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་8ཚེས་18ཉིན་པར་བླངས་པའི་བྲག་འགོ་རྫོང་གཙང་སྟོད་ཤང་མདོག་བདུན་རྩྭ་ཐང་ཡིན་པ།
ཟླ་8ཚེས་18ཉིན་པར་བླངས་པའི་བྲག་འགོ་རྫོང་གཙང་སྟོད་ཤང་མདོག་བདུན་རྩྭ་ཐང་ཡིན་པ།
     མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། “ཧ་ཅང་དགའ་པོ་བྱུང་། ཚང་མ་ཕེབས་པར་དགའ་བསུ་ཞུ།” ལོ་38ལ་སླེབས་པའི་ཉི་མ་སྐྱིད་ཀྱིས་ཇ་བསྲུབས་མ་འཁྱེར་ནས། སྦྲ་གུར་མདུན་དུ་ལངས་ཏེ་འཛུམ་དམུལ་དམུལ་ངང་མགྲོན་པོར་བསུ་བ་ཞུས།
     ཟླ་8ཚེས་18ཉིན། བྲག་འགོ་རྫོང་གཙང་སྟོད་ཤང་གི་མདོག་བདུན་རྩྭ་ཐང་གི་བྱམས་པ་འབྲོག་རར་འབྲི་གཡག་གིས་ཁེངས་ཡོད། འདས་ཟིན་པའི་ལོ་གཅིག་ལྷག་ཙམ་རིང་དགའ་བསུ་ཞུས་བའི་སྐད་ཆ་རྣམས་ཉི་མ་སྐྱིད་ཀྱིས་ཁོང་གི་སྦྲ་གུར་ནང་ལྟ་སྐོར་དང་ཉམས་ལེན་བྱེད་པར་ཡོང་མཁན་ཡུལ་སྐོར་བར་ཐེངས་མང་ཤོད་མྱོང་ཡོད། 2019ལོར་ཉི་མ་སྐྱིད་ཀྱིས་ཉམས་ལེན་བྱེད་པར་ཡོང་མཁན་ཡུལ་སྐོར་བ་60ཙམ་ལ་སྣེ་ལེན་ཞུས་པ་དང་ཡོང་འབབ་སྒོར་2000ལྷག་ཙམ་བྱུང་ཡོད།
     གཙང་སྟོད་ཀྱི་མདོག་བདུན་རྩྭ་ཐང་ནི་བྲག་འགོ་རྫོང་གི་བྱང་ཤར་རྒྱུད་དུ་གནས་ཡོད་ཅིང་། རྫོང་གྲོང་དང་བར་ཐག་སྤྱི་ལེ་68ཡོད། དབྱར་ཁ་ནས་སྟོན་ཀའི་བར། རྩྭ་ཁ་བཟང་ཞིང་འདབ་ཆགས་ཀྱིས་གཤོག་རྩལ་ངོམ་ལ། གང་སར་མདོག་བདུན་མེ་ཏོག་བཞད། 2018ལོར། གཙང་སྟོད་ཤང་གི་མདོག་བདུན་རྩྭ་ཐང་སྣོད་བཅུད་སྤྲོ་གསེང་གྲོང་ཚོ་སྒོ་ཕྱེ་ནས་ལས་གཉེར་བྱས་པ་དང་བྱམས་པ་འབྲོག་རའི“སྐྱས་སྤོས་འབྲོག་པའི་འཚོ་བའི་ཉམས་ལེན་ཁུལ”དེ་མདོག་བདུན་རྩྭ་ཐང་སྐོར་ལམ་གྱི་ཡུལ་སྐོར་ཁྱད་ལྡན་མཛེས་ལྗོངས་ཁུལ་ཆེ་གྲས་བརྒྱད་ཀྱི་གྲས་ཤིག་ཏུ་གྱུར་ཡོད།
     འབྲོག་ལས་དང་ཡུལ་སྐོར་མཉམ་འདྲེས་བྱས་པས། འབྲོག་པས་ཁྱིམ་ནང་དུ་ཚོང་བརྒྱབ་པ།
     ཉམས་ལེན་བྱེད་མཁན་ཡུལ་སྐོར་བའི་སྐོར་གླེང་སྐབས། ཉི་མ་སྐྱིད་ཀྱིས་བསྟོད་པ་ཆེན་པོའི་ཚུལ་ཞིག་བྱས། “ཡུལ་སྐོར་བ་ལ་ལས་ང་དང་མཉམ་དུ་ཇ་བསྲུབས་པ་དང་། ཇ་བསྲུབས་མ་དཀར་ཡོལ་གང་འཐུང་བའམ་ཞོ་འཐུང་དུས། ངས་རིན་བསྡུ་བ་བཤད་མེད་ཀྱང་ཁོ་ཚོས་ང་ལ་སྒོར་ལྔ་དང་སྒོར་བཅུ་སྤྲོད་ཀྱི་འདུག”  2019ལོར་ཉི་མ་སྐྱིད་ཀྱིས་ཡུལ་སྐོར་ཉམས་ལེན་ལ་བརྟེན་ནས་ཡོང་འབབ་སྒོར་2000ལྷག་ཙམ་བསགས་ཡོད། ཡོང་འབབ་དེར་བརྟེན་ནས་ཉི་མ་སྐྱིད་ཀྱིས་གློག་ནུས་འཁོར་ལོ་གསར་བ་ཞིག་ཉོས་ཡོད་པ་རེད།
     2018ལོའི་ཟླ་5པར། བྲག་འགོ་རྫོང་གིས་གཙང་སྟོད་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཤང་དེ་ཡོངས་ཀྱི་གྲོང་ཚོ་དབུལ་པོ་4དང་གྲོང་ཚོ་དབུལ་པོ་མིན་པ་4ཡི་མཉམ་སྡེབ་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་བསྡུ་སྒྲིལ་བྱས་ཏེ། རྩྭ་ཐང་གི་ལྟེ་བའི་ས་ཁོངས་སུ་མདོག་བདུན་རྩྭ་ཐང་སྣོད་བཅུད་སྤྲོ་གསེང་གྲོང་ཚོ་བསྐྲུན་པ་རེད། གཙང་སྟོད་ཤང་གི་ཤང་ཀྲང་ཀྲང་ཧུང་ལི་ཡིས“ང་ཚོས་སྦྲ་གུར་ཨར་ཁང་དང་། སྦྲ་གུར་ཟ་ཁང་། སྐྱས་སྤོས་འབྲོག་པའི་རིག་གནས་ཉམས་ལེན། རྩྭ་ཐང་ལྟ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་འབྲོག་ལས་དང་ཡུལ་སྐོར་མཉམ་འདྲེས་དང་གནད་སྨིན་དབུལ་སྐྱོར་གྱི་རྣམ་གྲངས་འཕེལ་རྒྱས་བཏང་ཡོད”ཅེས་བཤད་པ་དང་། སྤྱིར་བཏང་གི“བོད་ཁྱིམ་སྤྲོ་སྐྱིད་ཁང”དང་མི་འདྲ་བ་ནི་རྣམ་གྲངས་དེ་ནི་འབྲོག་རའི་ནང་གི་འབྲོག་པ་དཀྱུས་མའི་ཁྱིམ་ནང་སོང་ནས། འབྲོག་པ་རྣམས་དང་ཐོན་སྐྱེད་ངལ་རྩོལ་བྱེད་པ་དེ་རེད། “གལ་སྲིད་ཡུལ་སྐོར་བ་རྣམས་ཀྱིས་མོས་མཐུན་བྱས་ན། འབྲོག་པ་དང་མཉམ་ཟ་མཉམ་སྡོད་བྱས་ནས་ཡུན་རིང་གི་ཉམས་ལེན་ཞིག་བྱས་ཆོག”ཅེས་བརྗོད།
     ད་ཆ་བྱམས་པ་འབྲོག་རའི་འབྲོག་དུད་20ལྷག་ཙམ་ཡུལ་སྐོར་བའི་ཉམས་ལེན་བྱ་ཡུལ་དུ་གྱུར་ཞིང་། ཕྱུགས་འཚོ་བ་དང་། འོ་མ་འཇོ་བ། མར་འདོན་པ་སོགས་ཀྱི་རྒྱུན་གཏན་བྱེད་སྒོ་ཕུད། སྣེ་ལེན་ཞུ་བའང་དབྱར་ཁ་ཡུལ་སྐོར་བ་མང་བའི་དུས་ཀྱི་བྱེད་དགོས་ངེས་ཀྱི་ལས་ཀ་ཞིག་ཏུ་གྱུར་ཡོད། ཁྱིམ་ནང་ཚོང་རྒྱག་ཐུབ་པ་ནི་ལོ་44ལ་སླེབས་པའི་མཚོ་བདེའི་བསམ་ཡུལ་ལས་འདས་པ་ཞིག་རེད། ཡུལ་སྐོར་བས་ཁོང་ཁྱིམ་གྱི་ཕྱུར་བར་ཧ་ཅང་དགའ་པོ་བྱས་ནས་ཉོ་གི་ཡོད། ན་ནིང་ཁོ་མོས་ཡུལ་སྐོར་ཚོགས་པ་3ལ་སྣེ་ལེན་ཞུས་ཡོད།
     སྒྲིག་བཀོད་འཐུས་ཚང་དུ་བཏང་བས། ཁྱད་ལྡན་ཡུལ་སྐོར་ལ་མདུན་ལམ་ལྡན།
     སྤྲོ་གསེང་གྲོང་ཚོ་བཙུགས་པ་དེས་གཙང་སྟོད་རྩྭ་ཐང་གི་དབྱར་དུས་ཡུལ་སྐོར་གྱི་གསོན་ཤུགས་འཕེལ་ཡོད། “2018ལོའི་ཟླ་5པ་ནས་ལས་གཉེར་བྱེད་འགོ་ཚུགས་པ་དང་། ཟླ་10པར་མཇུག་འགྲིལ་བའི་བར། སྤྲོ་གསེང་གྲོང་ཚོས་ཡུལ་སྐོར་བ་མི་ཁྲི་2.8ལ་སྣེ་ལེན་ཞུས་ཡོད། 2019ལོར་ཡུལ་སྐོར་བ་ཁྲི་5ཙམ་ཟིན་ཡོད”ཅེས་གཙང་སྟོད་ཤང་ཏང་ཨུད་ཀྱི་རྩ་འཛུགས་ཨུ་ཡོན་དོན་གྲུབ་རྣམ་རྒྱལ་གྱིས་ངོ་སྤྲོད་བྱས། སྤྱི་ལེ་19ཡོད་པའི་རྩྭ་ཐང་སྐོར་བའི་ཨར་འདམ་གཞུང་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས། ཁྱད་ལྡན་མཛེས་ལྗོངས་ཁུལ་ཁག་དང་དེ་བཞིན་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་འཐུས་ཚང་དུ་བཏང་བས་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་ནས་ཚོང་གཉེར་གྱི་གོ་སྐབས་ཆེན་པོ་ཐོབ་ཡོད། “དེ་སྔ་གཙང་སྟོད་ཤང་ནི་འབྲོག་ལས་ཁོ་ནའི་འབྲོག་ཁུལ་ཞིག་ཡིན་པས་སྦྲ་གུར་དང་འབྲི་གཡག་ལས་མཐོང་རྒྱུ་མེད། ད་ཆ་གྲོང་མི་རང་ཉིད་ལ་བློ་ཐབས་མང་བས། སྤྲོ་གསེང་གྲོང་ཚོ་ལྟེ་བར་བྱས་ནས། ཤང་དང་གྲོང་ཚོའི་ནང་སྡོད་ཁང་དང་། ཟ་ཁང་། ཚོང་ཁང་། སྐྲ་བཞར་ཁང་། སྐམ་འཁྲུ་ཁང་བཅས་རིམ་བཞིན་བཙུགས་ནས་ཚོང་སྣ་ཚོགས་རྒྱག་རྒྱུའི་་སྐུལ་ཁྲིད་བྱས་ཡོད།
     ལོ་42ལ་སླེབས་པའི་དུད་ཚང་དབུལ་པོ་འགྱུར་མེད་ཀྱིས་ཀྱང་ཉམས་ལེན་ཡུལ་སྐོར་ལ་དམིགས་ནས། ཁོང་གིས་རང་ཁྱིམ་གྱི་རྟ་གཅིག་དེ་སྤྲོ་གསེང་གྲོང་ཚོར་ཁྲིད་དེ་རྟར་བཞོན་ནས་རྩྭ་ཐང་དུ་ཡུལ་སྐོར་བྱེད་པའི་ལས་སྒོ་གཉེར། “ཡུལ་སྐོར་བ་རྟ་བཞོན་རྒྱུར་ཧ་ཅང་དགའ་པོ་ཡོད། ཚོང་ཡག་པོ་ཡོད་དུས་ཉིན་གཅིག་ལ་ཡོང་འབབ་སྒོར་600ལྷག་ཙམ་རག་གི་འདུག” འགྱུར་མེད་ཀྱིས་རྩིས་བརྒྱབ་པ་ལྟར་ན། ན་ནིང་ཟླ་6པ་ནས་7པའི་བར། ལས་སྒོ་དེས་ཁོང་ལ་འབབ་འཕར་སྒོར་ཁྲི་2ལྷག་ཙམ་བྱུང་ཡོད་པ་རེད། ད་ལོ་འགྱུར་མེད་ཀྱིས་གྲོགས་པོ་འབོད་ནས་རྟ་གཉིས་ལ་བརྟེན་དེ་རྟ་བཞོན་ནས་ཡུལ་སྐོར་བྱེད་པའི་ལས་སྒོ་གཉེར་ཡོད་པ་རེད།
     འགྱུར་མེད་དང་འདྲ་བར། ཐད་ཀར་སྤྲོ་གསེང་གྲོང་ཚོར་བརྟེན་ནས་ལས་ཞུགས་འབབ་འཕར་བྱུང་བའི་དུད་ཚང་དབུལ་པོའི་མི་ད་དུང་18ཡོད་པ་དེ་དག་གིས་བཟའ་བཏུང་ཞབས་ཞུ་དང་། འཕྲོད་བསྟེན་གཙང་སྦྲ། མཛོད་ཁང་བདག་གཉེར། བདེ་འཇགས་སྲུང་སྐྱོབ་སོགས་ཀྱི་ལས་ཀ་བྱས་པས་ཟླ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་1000ཟིན་པས་དབུལ་སྒྲོལ་འབབ་འཕར་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
     གཙང་སྟོད་ཤང་གི་ཡུལ་སྐོར་དཔལ་འབྱོར་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པས། 2018ལོར་ཁེ་སྤོགས་གཙང་མ་སྒོར་ཁྲི་18ལྷག་ཙམ་བྱུང་ནས་ཤང་དེ་ཡོངས་ཀྱི་དུད་ཚང་དབུལ་པོ་མི་རེར་ཆ་སྙོམས་ཁེ་སྤོགས་སྒོར་104དང་དུད་ཚང་དབུལ་པོ་མིན་པའི་མི་རེར་ཆ་སྙོམས་ཁེ་སྤོགས་སྒོར་52བགོས་པ་དང་། 2019ལོར་ཁེ་སྤོགས་གཙང་མ་སྒོར་ཁྲི་33ཟིན་ཡོད།
     ཀྲང་ཧུང་ལིས་འབྱུང་འགྱུར་ལོ་ལྔའི་ནང་ཁྱད་ལྡན་འབྲོག་པའི་ཡུལ་སྐོར་མཉམ་འདྲེས་ལྟ་སྐོར་དེ་བྲག་འགོ་རྫོང་གི་སྣེ་འདྲེན་ཐོན་ལས་སུ་འགྱུར་བའི་རེ་བ་ཡོད་ཅེས་བརྗོད།