འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་27ཉིན།

༄༅༎རྩལ་ནུས་གསོ་སྦྱོང་བྱས་ཏེ་མང་ཚོགས་ལ་འབབ་འཕར་བྱུང་བ།

—— བསོད་ནམས་བཟའ་ཚོའི་དབུལ་སྒྲོལ་གཏམ་རྒྱུད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་27ཉིན། 12:45】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ལས་ཀ་བྱེད་ས་ཐོག་མར་ཞིང་ཁ་དང་འབྲོག་ར་ནས་ཨར་སྐྲུན་ཁུལ་བར་འགྱུར་ལྡོག་བྱུང་བ་དང་། དེ་ནས་སླར་ཡང་ད་ཆའི་དེང་རབས་རྫས་འགྱུར་བཟོ་གྲྭར་སླེབས་ཡོད། དུས་ཐུང་ལོ་གསུམ་རིང་བསོད་ནམས་ཀྱིས་རྩལ་ནུས་མང་པོ་ཁོང་དུ་ཆུད་ཡོད།
     ད་ལོ་ལོ་45ལ་སླེབས་པའི་བསོད་ནམས་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་། 2018ལོར་ནང་མི་ཚང་མ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ནས་ཁང་པ་གསར་པར་སྤོས། ཁང་པ་གསར་པར་སྤོས་རྗེས་ཞིང་ལས་དང་འབྲོག་ལས་བཟའ་ཟླ་སྐྱིད་པར་རྩིས་སྤྲད་ལ། བཞད་མཐོང་སྨོན་རྫོང་གིས་སྒྲིག་འཛུགས་བྱས་པའི་ཞལ་དཔོན་གྱི་གསོ་སྦྱོང་ལ་ཞུགས་རྗེས་བསོད་ནམས་ཨར་སྐྲུན་བཟོ་པར་གྱུར་ཞིང་། ཨར་སྐྲུན་རུ་ཁག་དང་མཉམ་དུ་ནག་ཆུ་དང་མངའ་རིས་སོགས་སུ་ལས་ཀ་བྱེད་པར་བསྐྱོད།
     “སྐབས་དེ་དུས་ལོ་རེར་ཨར་པོ་རྒྱུག་པའི་དུས་ཚོད་ཟླ་བ་གཉིས་གསུམ་ལས་མེད་པས་ཡོང་འབབ་ཀྱང་སྒོར་ཁྲི་གཉིས་ལྷག་ཙམ་ལས་རག་གི་མེད། ཞིང་བྲེལ་སྐབས་སུ་ང་ད་དུང་ཞིང་ལས་བྱེད་པར་ལོག་དགོས་ཀྱི་ཡོད”ཅེས་བསོད་ནམས་ཀྱིས་བཤད།
     དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། བཞད་མཐོང་སྨོན་རྫོང་གིས་བོད་སྐྱོར་མ་དངུལ་དང་། དབུལ་སྐྱོར་ཆེད་དོན་མ་དངུལ། ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་བཅས་བསྡུ་སྒྲིལ་བྱས་ནས་ཐོན་ལས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་རེད། 2019ལོར་མ་དངུལ་བསྡོམས་སྒོར་དུང་ཕྱུར་1.5བཏང་ནས་བསྐྲུན་པའི་ཇོ་རིའི་མཐོང་སྨོན་སྐྱེ་དངོས་ཚན་རྩལ་དཔེ་སྟོན་གླིང་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། དེ་ནི་ལྗོངས་ཡོངས་ཀྱི་བཟའ་བཅའི་ཤ་མོའི་སོན་གྱི་སྡོང་རྐང་འདེབས་གསོ་དང་། ཐོན་སྐྱེད་སྐྱེད་སྲིང་། སྐྱེ་དངོས་གཞི་རྒྱུའི་འབུད་ཤིང་བཟོ་བ། ལས་རིགས་རྩལ་ནུས་གསོ་སྦྱོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཁེ་ལས་འབའ་ཞིག་དེ་རེད། མིག་སྔར་བསོད་ནམས་ཀྱིས་ཁྱིམ་ནས་བར་ཐག་སྤྱི་ལེ་གཉིས་ལས་མེད་པའི་བཟོ་གྲྭ་དེར་ལས་ཀ་བྱེད་ཀྱི་ཡོད།
     བཟོ་གྲྭ་དེར་སླེབས་སྔ་ཤོས་ཀྱི་དུད་ཚང་དབུལ་པོ་ཞིག་ཡིན་པའི་བསོད་ནམས་ཀྱིས་ཟླ་གསུམ་ལྷག་ཙམ་གྱི་གསོ་སྦྱོང་ནང་ཞུགས་ཏེ། རྒྱུ་ཆ་སྦང་བ་དང་། སྡེབ་སྦྱོར། རྒྱུ་ཆ་བསྲེས་བ། ཐུམ་སྒྲིལ་སོགས་བརྒྱུད་རིམ་ནས་སློབ་སྦྱོང་བྱེད་འགོ་ཚུགས་པ་དང་། ཁོང་གིས་སོན་འདེབས་དང་འདེབས་གསོ་སོགས་ལྷུ་ཚིགས་རེ་རེ་བཞིན་སློབ་སྦྱོང་བྱས་ཏེ་མཐར་ལག་རྩལ་བྱང་ཆུབ་པར་གྱུར་ནས་མིག་སྔར་ཟླ་རེའི་གླ་ཆའང་སྒོར་4000ལྷག་ཙམ་བར་འཕར་ཡོད།
     ཇོ་རིའི་མཐོང་སྨོན་སྐྱེ་དངོས་ཚན་རྩལ་དཔེ་སྟོན་གླིང་གི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧོང་མིང་ཧྥེང་གིས། མིག་སྔར་ཀུང་སིས་ཐོན་སྐྱེད་བྱས་པའི་ཤ་མོའི་རིགས་སུ་གཙོ་བོ་ཁམ་སེར་ཤ་མོ་དང་། ལེབ་ཤ བྲོ་ཞིམ་ཤ་མོ་བཅས་ཡོད་པ་དང་། དེས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་59ལས་ཞུགས་བྱེད་རྒྱུར་སྐུལ་ཁྲིད་ཐུབ་ཡོད། གཞན་ཡང་ཀུང་སི་དེས་ད་དུང་རྩལ་ནུས་གསོ་སྦྱོང་ལྟེ་གནས་བཙུགས་ནས་ས་གནས་དེ་གའི་མི་སེར་ལ་གསོ་སྦྱོང་བྱས་པ་དང་འབྲེལ་ཤ་མོ་ཐུམ་སྒྲིལ་སྤྲད་དེ་ཁོང་ཚོར་ཁྱིམ་དུ་འདེབས་གསོ་བྱེད་དུ་བཅུག་པ་དང་། འདི་ལོའི་ལོ་སྟོད་དུ་ཤ་མོ་ཐུམ་སྒྲིལ་ཁྲི་20ལྷག་ཙམ་སྤྲད་ཡོད།
     མིག་སྔའི་བར་བཟོ་གྲྭ་དེས་གསོ་སྦྱོང་ཐེངས་5བྱས་པར་སློབ་སྦྱོང་བྱེད་མཁན་500ལྷག་ཙམ་ཞུགས་པ་དང་། གསོ་སྦྱོང་གི་ནང་དོན་གྲས་སུ་འདེབས་གསོ་ལས་རིགས་དང་། དྲ་ཐོག་ཚོང་དོན། ཚན་རྩལ། གནམ་གཤིས་སོགས་ཚུད་ཡོད། བསོད་ནམས་ཀྱི་བཟའ་ཟླ་སྐྱིད་པའང་གསོ་སྦྱོང་ནང་ཐེངས་མང་ཞུགས་མྱོང་། རྫོང་ཡོངས་སུ་བཟའ་བཅའི་ཤ་མོ་འདེབས་འཛུགས་ནང་ཞུགས་མཁན་གྱི་ཞིང་དུད་800ལྷག་ཙམ་ཟིན་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་561ཡོད།
     ཧོང་མིང་ཧྥེང་གིས། ཀུང་སིས་འདི་ལོའི་ལོ་སྟོད་དུ་བཟའ་བཅའི་ཤ་མོ་སྣ་ཚོགས་ཏུན་700ལྷག་ཙམ་ཐོན་སྐྱེད་བྱས་པ་དང་། འབྱུང་འགྱུར་ད་དུང་མོག་དཀར་དང་མོག་སེར་སོགས་སྣ་ཁ་གསར་པ་འདེབས་གསོ་བྱེད་རྩིས་ཡོད། ཤ་མོའི་རིགས་ཀྱི་ཐོན་ཚད་མང་དུ་ཕྱིན་པ་དང་བསྟུན་ཀུང་སིས་ད་དུང་ཐོན་སྐྱེད་སྒྲུབ་རིམ་ནང་འདྲེན་གྱིས་ཤ་མོ་བསྙལ་མ་ལས་སྣོན་བྱེད་རྒྱུའི་གྲ་སྒྲིག་བྱེད་པ་དང་དུས་མཚུངས་ཤ་མོའི་སྙིགས་རོ་སྤྱད་ནས་སྐྱེ་དངོས་གཞི་རྒྱུའི་འབུད་ཤིང་བཟོས་ཏེ་ནུས་རྒྱུ་གསར་པ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་གཏོང་རྩིས་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
     ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་པ་དེས་མི་སེར་དེ་བས་མང་བར་ཕན་པ་ཐོབ་ཡོད། འཆར་འགོད་ལ་གཞིགས་ན་ཀུང་སི་དེའི་སང་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་3600ལྷག་ཙམ་ཟིན་རྒྱུ་ཡིན་པ་དང་། མི་170ཐད་ཀར་ལས་ཞུགས་ཐུབ་ནས་མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་རེད།
     རྩལ་ནུས་གསོ་སྦྱོང་དང་ཐོན་ལས་དབུལ་སྐྱོར་ཟུང་འབྲེལ་བྱེད་ཐབས་དེ་གངས་ལྗོངས་ས་མཐོའི་ས་ཁུལ་ཁག་ཏུ་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན་བོད་ཀྱིས་འདེབས་གསོ་ལས་རིགས་དང་། གསོ་ཚགས་ལས་རིགས། ལས་སྣོན་ལས་རིགས་སོགས་ཁྱབ་ཁོངས་གཙོར་བཟུང་སྟེ་ཐོན་ལས་དབུལ་སྐྱོར་བྱེད་རྒྱུར་མུ་མཐུད་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ད་ལོའི་ཟླ་བདུན་པའི་ཟླ་མཇུག་བར་ཐོན་ལས་དབུལ་སྐྱོར་རྣམ་གྲངས་2871ལག་བསྟར་བྱས་པ་དང་། ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་428དོན་འཁྱོལ་བྱས་པ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་23.8དབུལ་སྒྲོལ་ཐུབ་རྒྱུར་ཐད་ཀར་སྐུལ་ཁྲིད་ཐུབ་ཡོད།