འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་24ཉིན།

༄༅།།TikTokཡིས་ཨ་རིའི་གཞུང་ལ་གཏུག་བཤེར་བྱ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་24ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།TikTokཡིས་ཨ་རིའི་གཞུང་ལ་གཏུག་བཤེར་བྱ་རྒྱུ་རེད།
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་8ཚེས་22ཉིན། ལའོ་སན་ཅི་རུ་ཡོད་པའི་མཉམ་འབྲེལ་དྲ་རྒྱའི་ཀུང་སི་TikTokཡི་སྤྱི་ཁྱབ་པུའུ་ཡིས་ཚེས་22ཉིན་ཁྱབ་བསྒྲགས་སྤེལ་བ་སྟེ། ཀུང་སི་དེ་དང་དེའི་མ་གཞིའི་ཀུང་སི་གར་གྱི་ཡིག་ཚིགས་དང་འབྲེལ་བའི་ཨ་རི་སྲིད་གཞུང་གི་སྲིད་འཛིན་བཀའ་རྒྱའི་ཐད་ལ་གཏུག་བཤེར་བྱེད་ནས། རང་ཉིད་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན་ཟེར། 
   TikTokཡིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་སྤེལ་དོན། “ཉེ་བའི་ལོ་གཅིག་གི་རིང་། ང་ཚོས་དྲང་བདེན་གྱི་རྣམ་འགྱུར་བཟུང་ནས། ཨ་རི་སྲིད་གཞུང་དང་མཐུན་སྦྱོར་ཡོང་ཐབས་བྱས་པ་ཡིན། ཁོང་ཚོས་བཏོན་པའི་བསམ་གཞིགས་ལ་དམིགས་ནས་ཇུས་གཞི་མཁོ་འདོན་བྱས་ནའང་། ཨ་རི་སྲིད་གཞུང་གིས་དོན་དངོས་སྣང་མེད་དུ་བཞག་ཅིང་། དྲང་བདེན་དང་ཁྲིམས་ལུགས་ཀྱི་གོ་རིམ་ལ་བརྩི་སྲུང་མི་བྱེད་པ་དང་། ཐ་ན་ཚོང་ལས་ཀུང་སིའི་གྲོས་མོལ་ལ་བཙན་ཤུགས་ཀྱིས་ཐེ་གཏོགས་བྱས་པས། ཁྲིམས་སྐྱོང་རྩ་མེད་དུ་མི་གཏོང་བར་འགན་སྲུང་དང་། ཀུང་སི་དང་འཛད་སྤྱོད་པ་ལ་དྲང་བདེན་གྱི་རྣམ་འགྱུར་ཐོབ་པར་འགན་སྲུང་བྱ་ཆེད། ང་ཚོས་གཏུག་བཤེར་ལ་བརྟེན་ནས་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན། ” 
   གར་གྱི་ཡིག་ཚིགས་ཀྱིས་ར་སྤྲོད་བྱས་དོན། ཟླ་8ཚེས་24ཉིན་ཡར་སྤྲོད་རྒྱུའི་གཏུག་ཡིག་དེ་ནི་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཟླ་8ཚེས་6ཉིན་མིང་རྟགས་བཀོད་པའི་སྲིད་འཛིན་བཀའ་རྒྱ་ལ་དམིགས་པ་ཡིན། 
    གར་གྱི་ཡིག་ཚིགས་ཀྱིས་བསྟན་དོན། འབྲེལ་ཡོད་སྲིད་འཛིན་བཀའ་རྒྱའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཀུང་སིས་ཟླ9ཚེས་15ཉིན་གྱི་རྗེས་ནས་ཨ་རིའི་ལས་སྒྲུབ་མི་སྣ1500ལྷག་ལ་གླ་ཕོགས་སྤྲོད་ཐབས་བྲལ་པས། ཀུང་སིས་སྔོན་ཇུས་བཟོ་འགོད་བྱེད་བཞིན་ཡོད་པ་དང་། ཕྱི་རྒྱལ་གྱི་དངུལ་ཁང་དང་ཡིད་རྟོན་དངུལ་འཇོག་ལས་ཁུངས་ལ་འབྲེལ་གཏུག་དམ་པོར་བྱས་ནས། སྲིད་འཛིན་བཀའ་རྒྱའི་ནུས་པ་ཐོན་རུང་ཨ་རིའི་ལས་སྒྲུབ་མི་སྣ་ལ་གླ་ཕོགས་སྤྲོད་ཐུབ་པ་དང་། དེ་བཞིན་ཁོང་ཚོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཐུབ་པར་ཐབས་ལམ་འཚོལ་བཞིན་ཡོད། 
   ཨ་རིའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་24ཉིན་གཏུག་བཤེར་བྱ་རྒྱུ་ཕུད། TikTokཡི་ཨ་རིའི་ལས་སྒྲུབ་མི་སྣས་ཀྱང་ཐེ་རོན་ཕུ་ལ་དམིགས་པའི་གཏུག་བཤེར་བྱ་རྒྱུའི་འཆར་གཞི་བཀོད་ཡོད། ལས་སྒྲུབ་མི་སྣའི་ཚབ་བྱས་ནས་གཏུག་བཤེར་བྱེད་མཁན་མཉམ་འབྲེལ་དྲ་རྒྱའི་སྲིད་ཇུས་ཁྲིམས་རྩོད་པ་མའེ་ཁོ་ཀོ་ཏེ་ཝུན་གྱིས། ཐེ་རོན་ཕུ་ཡིས་མིང་རྟགས་བཀོད་པའི་འབྲེལ་ཡོད་“བཀག་རྒྱ”ནི་སྲིད་འཛིན་དབང་ཆ་ལས་བརྒལ་བ་ཡིན་པས། ཀུང་སིའི་ལས་སྒྲུབ་མི་སྣའི་རྩ་ཁྲིམས་ཀྱི་ཁེ་དབང་ལ་གནོད་རྐྱེན་བཟོས་ཡོད་པ་བསྟན། 
   ཟླ་8ཚེས་6ཉིན། ཐེ་རོན་ཕུ་ཡིས་མིང་རྟགས་བཀོད་པའི་སྲིད་འཛིན་བཀའ་རྒྱ་ཡིས། TikTokཡིས་ཨ་རིའི་རྒྱལ་ཁབ་བདེ་འཇགས་ལ་འཇིགས་སྐུལ་ཐེབས་པས། ཉིན་45ཡི་རྗེས་སུ་ཨ་རིའི་མི་སྒེར་རམ་དངོས་གཞི་གང་གིས་ཀྱང་TikTokདང་དེ་བཞིན་དུ་ཀྲུང་གོའི་མ་གཞིའི་ཀུང་སིའི་བར་ཚོང་ལས་སྤེལ་བར་བཀག་པ་རེད། མིག་སྔར། སྲིད་འཛིན་བཀའ་རྒྱ་ནང“ཚོང་ལས”ཀྱི་འབྲེལ་ཡོད་ཁྱབ་ཁོངས་གསལ་པོ་བསྟན་མེད། ཨ་རིའི་ཚོང་ལས་པུའུ་ཡི་པུའུ་ཀྲང་གིས་དེའི་ཐད་ལ་ངོས་འཛིན་བྱེད་པའི་དབང་ཆ་ཡོད། 
   ཟླ་8ཚེས་14ཉིན། ཐེ་རོན་ཕུ་ཡིས་སླར་ཡང་སྲིད་འཛིན་བཀའ་རྒྱ་ལ་མིང་རྟགས་བཀོད་ནས། གར་གྱི་ཡིག་ཚིགས་ལ་ཉིན་90ཡི་ཚུན་TikTokཡིས་ཨ་རིར་གཉེར་སྐྱོང་བྱེད་བཞིན་པའི་ཁེ་དབང་ཚང་མ་དང་ཁ་བྲལ་དགོས་པའི་བླང་བྱ་བཏོན། སྲིད་འཛིན་བཀའ་རྒྱ་དེ་ནི་ཨ་རིའི་ཕྱི་རྒྱལ་དངུལ་འཇོག་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་བྱས་པའི་གྲུབ་འབྲས་ལས་བཟོས་པ་རེད། 
    TikTokཨ་རིའི་སྤྱི་གཉེར་པ་ཝ་ཉི་ས་ཕཱ་ཕཱ་སི་ཡིས་ཉེ་ཆར་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་དུས། མིག་སྔར། TikTokཡིས་ཨ་རི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྐུལ་བཟོས་པར་རྒྱབ་སྐྱོར་ཐུབ་པའི་དཔང་རྟགས་གཅིག་ཀྱང་མེད་ཅིང་། ཁོ་མོ་ཨ་རིའི་ཕྱི་རྒྱལ་དངུལ་འཇོག་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་བྱས་པའི་གྲུབ་འབྲས་ལ་རེ་ཐག་ཆད་ཡོད་པ་བཤད། 
   ཟླ་8ཚེས་20ཉིན་ཀྲུང་གོའི་ཚོང་ལས་པུའུ་ཡིས་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥུན་གྱིས་བསྟན་དོན། དུས་སྐབས་ཤིག་གི་རིང་། ཨ་རི་ཕྱོགས་ཀྱིས“རྒྱལ་ཁབ་བདེ་འཇགས”དང“རྒྱལ་ཁབ་འཕྲལ་བསྟུན་རྣམ་པ”ཟེར་བར་ཁ་གཡར་ནས། ཀྲུང་གོའི་ཁེ་ལས་ཀྱིས་ཨ་རིར་རྒྱུན་ལྡན་ངང་སྤེལ་བའི་དངུལ་འཇོག་བྱེད་སྒོ་ཚོད་འཛིན་དང་ཐ་ན་བཀག་སྡོམ་བྱས་པ་དང་། མ་ཉེས་ཁག་གཡོག་བྱས་ཏེ་ཀྲུང་གོའི་ཁེ་ལས་ལ་ཚོང་ལས་བཀག་རྒྱ་བཏང་བ་དང་། དོན་དངོས་དང་ཁྲིམས་ལུགས་ཀྱི་རྒྱབ་བརྟེན་གཅིག་ཀྱང་མེད་ཅིང་། ཁེ་ལས་ཀྱི་དྲང་བདེན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་པ་དང་། ཁྲོམ་རའི་དཔལ་འབྱོར་གྱི་གཞི་རྩའི་རྩ་དོན་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཨ་རི་ཕྱོགས་ཀྱིས་ནོར་འཁྲུལ་གྱི་བྱེད་ཐབས་དོར་ནས། ཀྲུང་གོའི་ཁེ་ལས་ལ་ཚད་མེད་པའི་གནོན་ཤུགས་སྤྲོད་རྒྱུ་མཚམས་འཇོག་དགོས་པ་དང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཀྱི་ཚོང་ལས་དཔལ་འབྱོར་མཉམ་ལས་དང་མི་དམངས་ཀྱི་བདེ་སྐྱིད་ལ་ཕན་པའི་དོན་དག་མང་ཙམ་བསྒྲུབས་རྒྱུའི་སྐུལ་འདེབས་བྱ་རྒྱུ་ཡིན་ཟེར། 
【1】  【2】
༄༅།།TikTokཡིས་ཨ་རིའི་གཞུང་ལ་གཏུག་བཤེར་བྱ་རྒྱུ་རེད།