འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་21ཉིན།

༄༅།།ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་སྒྲོལ་འགག་གཏོར་དང་འབྱུང་ཁམས་
ཤེས་དཔལ་འཛུགས་སྐྱོང་མཉམ་འདྲེས་གཏིང་ཟབ་བྱེད་པའི་ཕྱུག་འགྱུར་ལམ་བུ་འཚོལ་ཞིབ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་21ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་ཀྱི་ཁུལ་གསུམ་དང་ཀྲོའུ་གསུམ་གྱི་ཆེས་དབུལ་ཕོངས་ས་ཁུལ་གྱི་གྲས་ཤིག་ཡིན་པའི་ངོས་ནས། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་ལ་བརྟེན་ནས། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། དབུལ་སྒྲོལ་འགག་གཏོར་དང་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་མཉམ་འདྲེས་གཏིང་ཟབ་བྱེད་པའི་ཕྱུག་འགྱུར་ལམ་བུ་ཞིག་འཚོལ་ཞིབ་བྱས་ཡོད།
    སྤྱི་ཟླ་བརྒྱད་པ་ནི་རྩྭ་ཐང་དུ་ཡུལ་སྐོར་ལ་བསྐྱོད་པའི་དུས་བཟང་ཡིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུལ་གྲོང་ཚོར་བོད་བཟོའི་རྣམ་པའི་སྡོད་ཁང་སྟར་པ་རེ་རེ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཐོག་ཐུན་མོང་མ་ཡིན་པ་ཞིག་ཡོད། གྲོང་མི་ལྷ་མོ་རྒྱལ་གྱི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་ལ་དགའ་བསུ་ཆེན་པོ་ཐོབ་ནས། ཁང་པ་གཅིག་ཀྱང་རག་མེད་པ་རེད།
    ཡུལ་སྐོར་འཕེལ་རྒྱས་བཏང་བས་འབྲོག་པ་མང་ཚོགས་རྣམས་འབྲོག་ར་ནས་ཁྲོམ་རའི་ཕྱོགས་སུ་བསྐྱོད་འགོ་ཚུགས་ཤིང་། རྩྭ་རར་སྲུང་སྐྱོང་ཐུབ་པ་དང་འབྱུང་ཁམས་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ་མ་ཟད། ཡོང་འབབ་ཀྱང་ཆེས་ཆེར་འཕར་ཡོད། མཚོ་ཉིན་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་བསོད་ནམས་དོན་གྲུབ་ཀྱིས། གྲོང་ཚོའི་ནང་ཡུལ་སྐོར་བྱ་གཞག་གཉེར་མཁན་43%ཟིན་ཡོད། སྤྱི་ལོ་2016ལོར། ང་ཚོའི་ཀ་ཤུལ་གྲོང་ཚོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་7500ལྷག་ཡིན་པ་དང་སྤྱི་ལོ་2019ལོའི་ལོ་མཇུག་ཏུ་སྒོར་15500ཟིན་ནས། ལོ་བཞིའི་རིང་ལ་ལྡབ་གཅིག་འཕར་ཡོད་ཅེས་ངོ་སྤྲོད་གནང་ཡོད་པ་རེད།
    ད་ལོའི་སྤྱི་ཟླ་དང་པོར། ཀ་ཤུལ་གྲོང་ཚོའི་རིག་གནས་འབྱུང་ཁམས་ཡུལ་སྐོར་ཁུལ་དེ་ཉིད་རྒྱལ་ཁབ་ཀྱི་ཀ་པ་4རིམ་པ་བཞི་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་དངོས་སུ་རིམ་སྤོར་བྱས་ཡོད། གྲོང་ཚོ་ཡོངས་སུ་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་55ཡོད་པ་ཚང་མས་གཅིག་མཇུག་གཉིས་མཐུད་སྒོ་ནས་ཡུལ་སྐོར་བ་མང་བའི་དུས་ཚིགས་མ་སླེབས་གོང་རྡོ་སྐས་འདིང་བ་དང་། སྤང་འདེབས་པ། ཁྱིམ་ཚང་ནང་དུ་གསང་སྤྱོད་རྒྱག་པ་བཅས་ཁྱིམ་ཚང་མགྲོན་ཁང་གི་ཚད་གཞི་གཞིར་བཟུང་རིམ་སྤོར་སྒྱུར་བཀོད་བྱས་པ་དང་དུས་མཚུངས་སུ། གྲོང་ཚོའི་ནང་ཡུལ་སྐོར་བཟའ་བཏུང་དོ་དམ་ཁེ་ལས་ནང་འདྲེན་བྱས་ནས། འབྲོག་ཁྱིམ་སྤྲོ་སྐྱིད་ཁང་དང་བཟའ་བཏུང་ཐད་གཅིག་གྱུར་ཚད་ལྡན་ཅན་གྱི་དོ་དམ་བྱས་ཡོད་པ་རེད།