འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་20ཉིན།

༄༅།།པའེ་ཏན2020ལོའི་ཨ་རིའི་དམངས་གཙོ་ཏང་གི་ཙུང་ཐུང་བདམ་བྱའི་འོས་མི་དངོས་སུ་གྱུར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་20ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།པའེ་ཏན2020ལོའི་ཨ་རིའི་དམངས་གཙོ་ཏང་གི་ཙུང་ཐུང་བདམ་བྱའི་འོས་མི་དངོས་སུ་གྱུར་བ།
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་18ཉིན། ཨ་རིའི་དམངས་གཙོ་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཨ་རིའི་ཤར་ཕྱོགས་དུས་ཚོད་ཚེས་18ཉིན་གྱི་དགོང་མོར་དེ་སྔའི་ཙུང་ཐུང་ཇའོ་པའེ་ཏན2020ལོའི་དམངས་གཙོ་ཏང་གི་ཙུང་ཐུང་བདམ་བྱའི་འོས་མིའི་མིང་དངོས་སུ་བཏོན་པ་དང་། ཁོང་གིས་མུ་མཐུད་དུ་ཨ་རིའི་ཙུང་ཐུང་གི་འགན་འཁུར་འཆར་གཞི་ཡོད་པའི་ཙུང་ཐུང་ཐེ་རོན་ཕུ་དང་འགྲན་རྩོད་བྱ་རྒྱུ་རེད། 
   ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། ཚོགས་ཆེན་གྱི་མཛད་སྒོ་གཙོ་བོ་དྲ་ཐོག་ནས་སྤེལ་བ་རེད། ཉིན་དེའི་དགོང་མོར། ཨ་རིའི་མངའ་སྡེ་50དང་། ཁོ་རོན་པུ་ཡ་དམིགས་བསལ་ཁུལ་དང་ཕྱི་རྒྱལ་གྱི་མངའ་ཁོངས་ནས་ཡོང་བའི་འཐུས་མིའི་ཚོགས་པ57གྱིས་དྲ་ཐོག་ནས་འདེམས་ཤོག་རེ་རེ་བཞིན་ཀློག་པ་རེད། བྱང་ཁ་རའོ་ལའེ་ནཱ་མངའ་སྡེ་ནས་འདེམས་ཤོག་བསྡོམས་རྩིས་སྤྱི་བསྒྲགས་བྱས་རྗེས། པའེ་ཏན་ལ་ཏང་གི་འཐུས་མིའི་འདེམས་ཤོག2448ཐོབ་པ་དང་། མིང་བཏོན་པ་ལ་འདེམས་ཤོག2374དགོས་པ་ལས་བརྒལ་བས། 2020ལོའི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་དམངས་གཙོ་ཏང་གི་བདམས་བྱའི་འོས་མིར་གྱུར་ཡོད། 
    2016ལོར་དམངས་གཙོ་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐོག གཡོན་རུ་རྒྱལ་ཕྲན་མཉམ་འབྲེལ་གྱི་སྤྱི་གྲོས་པ། ཏང་དེའི་ཙུང་ཐུང་བདམས་བྱའི་འོས་མི་སང་ཏེ་སི་ལ་རྒྱབ་སྐྱོར་བྱེད་མཁན་གྱིས་ཚོགས་འདུའི་ཕྱི་ནང་གཉིས་སུ་ངོ་རྒོལ་བྱེད་སྒོ་སྤེལ་ཞིང་། ཏང་ནང་གི་ཞི་འཇམ་ཕྱོགས་ཁག་དང་གཡོན་རུ་ཕྱོགས་ཁག་བར་འགལ་བ་ཚབས་ཆེན་བྱུང་། ད་ལོའི་དམངས་གཙོ་ཏང་གི་ཚོགས་ཆེན་ཐོག ཏང་ནང་གི་ཕྱོགས་ཁག་གིས་པའེ་ཏན་ལ་གཅིག་མཐུན་གྱིས་རྒྱབ་སྐྱོར་བྱས་ཡོད། སང་ཏེ་སི་ཡིས་ཚེས17ཉིན་གྱི་ཚོགས་ཆེན་འགོ་ཚུགས་མཛད་སྒོའི་དགོང་མོར་སྤེལ་བའི་གཏམ་བཤད་ནང་། དམངས་གཙོ་ཏང་གི་གཡོན་རུ་འདེམས་དམངས་ཀྱིས་ཕྱོགས་འགལ་ཟུར་འཇོག་བྱས་ནས། པའེ་ཏན་ལ་རྒྱབ་སྐྱོར་བྱེད་པ་དང་། འདེམས་བསྐོ་ཆེན་མོའི་ནང་ཐེ་རོན་ཕུ་ཕམ་པར་གཏོང་རྒྱུའི་ཐུན་མོང་གི་དམིགས་ཡུལ་མངོན་འགྱུར་བྱེད་དགོས་པ་སྐུལ་འདེབས་བྱས། ཚེས་18ཉིན་གྱི་དགོང་མོར། ཨ་རིའི་དམངས་གཙོ་ཏང་གི་དེ་སྔའི་ཙུང་ཐུང་ཁཱ་ཐེ་དང་ཁུན་ལིན་ཏུན། དེ་བཞིན་དུ་ཏང་གི་ཆབ་སྲིད་པ་གསར་པ་མང་པོས་ཀྱང་ཚོགས་ཆེན་ཐོག་ནས་རྒྱང་རིང་གི་གཏམ་བཤད་སྤེལ་ནས་པའེ་ཏན་ལ་རྒྱབ་སྐྱོར་བྱས་ཡོད། 
   ཚེས་17ཉིན་དུས་ཡུན་ཉིན་4ཡི་ཨ་རིའི་དམངས་གཙོ་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་འགོ་ཚུགས་པ་རེད། ད་ལོའི་དམངས་གཙོ་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་བརྗོད་གཞི་ནི་“ཨ་རི་མཐུན་སྒྲིལ་བྱེད”ཅེས་པ་དེ་རེད། པའེ་ཏན་གྱིས་ཚེས་20ཉིན་གྱི་དགོང་མོ་སྟེ་ཚོགས་ཆེན་མཇུག་སྒྲིལ་བའི་དགོང་མོར་ཁོང་སྡོད་སའི་ཐེ་ལ་ཧྭ་མངའ་སྡེ་ནས་རྒྱང་རིང་གི་གཏམ་བཤད་སྤེལ་ཏེ། དངོས་སུ་དམངས་གཙོ་ཏང་གི་ཙུང་ཐུང་བདམས་བྱའི་འོས་མིའི་མིང་བཏོན་པ་དང་ལེན་ཞུས་པ་རེད། 
    ཉིར་སི་ཀུང་སིས་ཚེས་18ཉིན་སྤེལ་བའི་ཆེས་མཐའ་མཇུག་གི་གྲངས་གཞི་ལས་མངོན་གསལ། གཟིགས་མོ་བ་ཁྲི་1970ཙམ་གྱིས་ཨ་རིའི་བརྙན་འཕྲིན་ཁང་10ཐོག་ནས་དམངས་གཙོ་ཏང་གི་ཚོགས་ཆེན་གྱི་ཚེས་17ཉིན་གྱི་དགོང་མོའི་མཇུག་སྒྲིལ་མཛད་སྒོ་ལ་བལྟས་པ་རེད། དེ་ནི་ལོ་ངོ་4ཡི་སྔོན་གྱི་མི་གྲངས་ལས་བཞི་ཆ་གཅིག་ཉུང་ཡོད། པའེ་ཏན་འགྲན་འདེམས་རུ་ཁག་གིས་ཚེས་18ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ནས། ཐེངས་དང་པོར་དགོང་མོར་དྲ་ཐོག་དང་སྨྱན་སྦྱོར་གྱི་ལྟད་མོ་བ་ཁྲི་1020ཟིན་པ་དང་། ཨ་རི་བ་ཁྲི་2890ཙམ་གྱིས་བརྙན་འཕྲིན་དང་གྲངས་འཛིན་ལས་སྟེགས་བརྒྱུད་ནས་དམངས་གཙོ་ཏང་གི་ཚོགས་ཆེན་འགོ་ཚུགས་པའི་མཚན་མོར་བལྟས་ཡོད། 
   པའེ་ཏན་ནི་1942ལོའི་ཟླ་11པར་ཨ་རིའི་ཕིང་སོ་ཝེན་ཉི་ཡ་མངའ་སྡེ་རུ་སྐྱེས་པ་དང་། ཁྲིམས་རྩོད་པ་རེད། 1970ལོར་ཆབ་སྲིད་ལས་རིགས་སུ་ཞུགས་ཤིང་། 1972ལོར་ཐེངས་དང་པོར་རྒྱལ་ཕྲན་མཉམ་འབྲེལ་གྱི་སྤྱི་གྲོས་པར་བདམས་པ་རེད། དེ་སྔོན་གྲོས་ཁང་གོང་མའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་དང་ཕྱི་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡིན་ཞིང་། ཨའོ་པ་མས་སྲིད་འཛིན་དུས་སྐབས་སུ་ཨ་རིའི་ཙུང་ཐུང་གཞོན་པའི་འགན་འཁུར་བ་རེད།