འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་17ཉིན།

༄༅༎ཡུན་ནན་བདེ་ཆེན་གྱིས་ནགས་གསེབ་ཐོན་ལས་འཕེལ་རྒྱས་བཏང་ནས་སྣོད་བཅུད་སྲུང་སྐྱོང་གི་ལེའུ་གསར་པ་བརྩམས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་17ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཟླ་8པར། བདེ་ཆེན་དུ་སྐྱོད་སྐབས། རི་མཐོའི་ལུང་གཞུང་དང་། འབྲོག་ཁུལ་རྩྭ་ཐང་གང་ཡིན་རུང་། ལུས་སེམས་བདེ་བར་འཁོད་པ་ནི་དྭངས་གཙང་གི་མཁའ་རླུང་དང་། སྔོ་ཞིང་དྭངས་བའི་རི་ཆུ། དེ་བཞིན་ཕུན་སུམ་ཚོགས་པའི་རི་སྐྱེས་ཤ་མོ་རང་གར་འཐུ་རྒྱུ་ཡོད་པ་དེ་ལགས། སྣོད་བཅུད་སྲུང་སྐྱོང་བྱས་པས་གནའ་བོའི་ས་ཆ་དེ་བས་ཡིད་དབང་འཕྲོག་པ་ཞིག་དང་དེ་བས་གསོན་ཤུགས་ཀྱིས་ཁེངས་པ་ཞིག་ཏུ་གྱུར་པ་དང་ཆབས་ཅིག ས་མཐོའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་སྣོད་བཅུད་ཀྱི་ཕན་པ་དངོས་འབྲེལ་ལོངས་སྤྱོད་ཐུབ་ཡོད།
     “ང་ཚོའི་འདི་གར་ནགས་ཚལ་ཡོད་སར་རི་སྐྱེས་ཤ་མོ་སྣ་ཚོགས་ཡོད་པས་ལོ་ལྟར་ཁྱིམ་ཚང་རེར་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་ནས་ཁྲི་ཡན་བར་རག་གི་ཡོད”ཅེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོའི་སྐྱིད་སའི་གྲོང་མི་ཚོགས་ཆུང་གི་སྐྱིད་མོས་སྔ་དྲོ་སྒྲུག་ཡོང་བའི་རི་སྐྱེས་ཤ་མོ་སྣ་ཚོགས་བསྡུ་གསོག་རྒྱག་བཞིན་དུ་གསར་འགོད་པར་དེ་ལྟར་བཤད།
     ལོ་ལྟར་རི་སྐྱེས་ཤ་མོ་སྐྱེ་བའི་དུས་སུ་སྐྱིད་མོས་ཉིན་ལྟར་ཞོགས་པ་སྔ་པོ་ནས་རི་སྐྱེས་ཤ་མོ་འཐུ་བར་འགྲོ་བ་དང་ཕྱི་དྲོ་གཞུང་ལམ་འགྲམ་དུ་རི་སྐྱེས་ཤ་མོ་བཙོངས་པར་ཉིན་ལྟར་སྒོར་200ཡན་རག་གི་ཡོད། སྐྱིད་མོས“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”གནས་ལུགས་ཕལ་ཆེར་རྟོགས་ཡོད། ཁོང་གིས“ལོ་20ལྷག་ཙམ་གོང་། ང་ཚོའི་གྲོང་ཚོའི་མཐའ་འཁོར་གྱི་ནགས་ཚལ་ཧ་ལམ་བཅད་ཚར་བས། རི་སྐྱེས་ཤ་མོ་རྩ་མེད་དུ་འགྲོ་བཞིན་ཡོད། རྗེས་སུ་སྲིད་གཞུང་གིས་ནགས་ཚལ་ལ་སྲུང་སྐྱོང་བྱེད་དགོས་པའི་རེ་བ་བཏོན། ཐོག་མར་མི་མང་པོ་ཞིག་གིས་གོ་བ་ལེན་ཐུབ་ཀྱི་མེད། ད་ལྟ་ཚང་མས་ནགས་ཚལ་སྲུང་སྐྱོང་གི་ལེགས་ཆ་ཤེས་ཀྱི་ཡོད། ནགས་ཚལ་ཡོད་ས་ཚང་མར་རི་སྐྱེས་ཤ་མོ་ཡོད་པས་རིན་གོང་ལོ་རེ་ལས་ལོ་རེ་ཡག་པ་ཡོད། དེ་ནི་གསེར་རི་དངུལ་རི་མིན་ན་ཅི་ཡིན”ཞེས་བཤད། ཁོ་མོས་གསེར་རི་དངུལ་རི་ཡང་སྔོག་ཚར་བའི་དུས་ཡོད། འོན་ཀྱང་ནགས་ཚལ་སྲུང་སྐྱོང་ཡག་པོ་བྱས་ན་ཤ་མོ་ལོ་ལྟར་སྐྱེ་ཐུབ་པས་མི་རབས་ཁ་ཤས་ཀྱིས་སྔོག་ཀྱང་རྫོགས་མཐའ་མེད་པ་ཞིག་ཡིན་པའི་ངོས་འཛིན་བྱས།
     སྐྱིད་མོས་བརྗོད་པ་བཞིན། རི་སྔོན་པོ་རེ་རེ་ནི་རྫོགས་རྒྱུ་མེད་པའི་གསེར་རི་དངུལ་རི་རེད། ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཀྲོའུ་ཡིས“སྔོ་ལྗང་གི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ཟབ་ཏུ་བཏང་བ་དང། སྣོད་བཅུད་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཇེ་མགྱོགས་སུ་བཏང་བ་བཅས་ལ་བརྟེན་ནས“ཚོན་མདངས་རྣམ་པར་བཀྲ་བའི་ཡུན་ནན”གྱི་སེམས་ཀྱི་ཉི་ཟླ་སྲུང་སྐྱོང་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་པ་དང་། “ནགས་ཚལ་བདེ་ཆེན”འཛུགས་སྐྲུན་བྱས་པ། “མཛེས་སྡུག་ལྡན་པའི་བདེ་ཆེན”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ། རིགས་ཁག་གི་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བཅས་བྱས་ནས། “གཙང་གསུམ་ཟླ་སྒྲིལ”གྱི་འཛམ་གླིང་གི་རང་བྱུང་ཤུལ་བཞག་སྲུང་སྐྱོང་ཡག་པོ་བྱས་པ་དང་། ཡུན་ནན་ནུབ་བྱང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བ། “གཙང་པོ་གཉིས”འབབ་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། གཙང་པོ་དང་ཆུ་བོའི་འགྲམ་གྱི་འགོག་སྲུང་ནགས་ཚལ་འཛུགས་སྐྲུན་དང་། ཚ་སྐམ་ལུང་གཞུང་དང་བྱེ་རྡོ་ཅན་གྱི་འགྱུར་ཚུལ་བཅོས་སྒྲིག་སོགས་ཀྱི་སྣོད་བཅུད་འཛུགས་སྐྱོང་ལས་གྲྭ་དང་། རང་བྱུང་སྲུང་སྐྱོང་ལས་གྲྭ རྨོ་བསྐྱུར་ནགས་གསོ། སྐྱས་སྤོས་རྩྭ་གསོ་སོགས་ཀྱི་རྗེས་མཐུད་ལས་གྲྭ་ལག་བསྟར་ཡག་པོ་བྱས་པ། སྣོད་བཅུད་སྤྱི་ཕན་ནགས་ཚལ་དོ་དམ་དང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། རང་བྱུང་སྲུང་སྐྱོང་ཁུལ་དང་རྒྱལ་སྤྱིའི་འདམ་རའི་སྤྱི་གླིང་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ། གཙང་པོ་དང་ཆུ་བོ་ཆེན་པོའི་འགྲམ་རྒྱུད་དང་། མཚེའུ་དང་ཆུ་མཛོད་ཀྱི་ཉེ་འཁོར། གྲོང་ཁྱེར་དང་གྲོང་རྡལ་གྱི་རི་བོ། འགྲིམ་འགྲུལ་ལམ་རྒྱུད་བཅས་དང་། དེ་བཞིན་སྣོད་བཅུད་ཉམ་ཞན་ས་ཁུལ་གྱི་ནགས་ཚལ་སྣོད་བཅུད་འཛུགས་སྐྱོང་བྱས་པ། ཆུའི་སྦགས་བཙོག་ཕྱོགས་བསྡུས་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་བ་དང་དུས་མཚུངས། གྲོང་གསེབ་ཀྱི་དྭངས་གཙང་ནུས་རྒྱུའི་འཛུགས་སྐྲུན་ལས་གྲྭ་དང་སྣོད་བཅུད་གནས་སྤོའི་ལས་གྲྭར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཨར་ལས་རྒྱུ་ཆ་གསར་པས་ཚབ་བྱེད་རྣམ་གྲངས་ཁྱབ་སྤེལ་བཏང་བས་ཕན་ནུས་ཆེ་ཤོས་ཀྱི་སྣོད་བཅུད་སྲུང་སྐྱོང་རིམ་བཞིན་མངོན་འགྱུར་བྱུང་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2000ལོར། རྨོ་བསྐྱུར་ནགས་གསོའི་ལས་གྲྭ་ཚོད་ལྟ་བྱེད་འགོ་ཚུགས་པ་དང་2002ལོར་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། རེས་སྐོར་དང་པོའི་རྨོ་བསྐྱུར་ནགས་གསོའི་ལས་འགན་མུའུ་ཁྲི་37.9ཟིན་པ་དང་། རྣམ་གྲངས་ཚང་མ་ཀྲོའུ་ཡོངས་ཀྱི་རྫོང་གསུམ་གྱི་ཤང(གྲོང་རྡལ)29ཡི་གྲོང་མི་ཨུ་ཡོན་ལྷན་ཁང་157གྱི་དུད་ཚང་34924ཡི་མི་170866དང་འབྲེལ་བ་ཡོད་པ་རེད། རང་བྱུང་ནགས་ཚལ་སྲུང་སྐྱོང་གི་དུས་ཐེངས་དང་པོའི་ལས་གྲྭ (2000ལོ་ནས་2010ལོའི་བར) སྲུང་སྐྱོང་རྒྱ་ཁྱོན་མུའུ་ཁྲི་2848.76ཟིན་ཡོད། 1998ལོ་ནས་2010ལོ་བར་རྒྱལ་ཁབ་ཀྱིས་མི་ཐབས་ལ་བརྟེན་ནས་ནགས་བཟོའི་འཆར་གཞི་མུའུ་ཁྲི་13.28གཤམ་སྤྲོད་བྱས་པ་དང་དངོས་སུ་མུའུ་ཁྲི་14.03ལེགས་སྒྲུབ་བྱས་པ་དང་། རི་བཀག་ནགས་གསོའི་འཆར་གཞི་མུའུ་ཁྲི་114.95ཟིན་པ་དང་དངོས་སུ་མུའུ་ཁྲི་144.16ལེགས་གྲུབ་ཟིན་པ། གནམ་གྲུས་ས་བོན་གཏོར་ནས་ནགས་བཟོ་བྱེད་པའི་འཆར་གཞི་མུའུ་ཁྲི་47.7ཟིན་པ་དང་དངོས་སུ་མུའུ་ཁྲི་18.49ལེགས་སྒྲུབ་བྱས་པ་དང་། དེ་བྱིངས་མུའུ་ཁྲི་29.21རི་བཀག་ནགས་གསོ་ཁུལ་དུ་ལེགས་སྒྲིག་བྱས་པ་རེད། 2013ལོའི་ལོ་འགོར། 《བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སྣོད་བཅུད་ཀྲོའུ་རུ་འཛུགས་སྐྲུན་བྱེད་པའི་འཆར་འགོད》ལ་ཆོག་མཆན་ཐོབ་ནས་ལག་ལེན་བསྟར་ཏེ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་སླར་ཡང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པ་རེད། 2018ལོར། རང་བྱུང་སྲུང་སྐྱོང་གི་དུས་ཐེངས་གཉིས་པ་དང་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོའི་ལས་གྲྭར་སྐུལ་འདེད་ཏན་ཏིག་བཏང་ནས། རང་བྱུང་ནགས་ཚལ་དང་སྤྱི་ཕན་ནགས་ཚལ་བདག་སྐྱོང་ལས་གནས་2192གསར་སྤེལ་བྱས་ཏེ་འོས་འགན་ཤིང་འཛུགས་ཁྲི་287ལེགས་སྒྲུབ་བྱས་པ་རེད། སྣོད་བཅུད་ཁ་གསབ་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་སྣོད་བཅུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་3.26སྤྲད་པ་རེད།