འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་14ཉིན།

༄༅༎ན་ཁའི་སྣོད་བཅུད་ཀྱི་རིགས་གཅིག་མཁས་ཅན་ཀྲའོ་ཤིན་ཆོན་དང་གཙང་གསུམ་ཆུ་འགོའི་དབར་གྱི་ལྷད་མེད་བརྩེ་སེམས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་14ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཀྲའོ་ཤིན་ཆོན་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མང་ར་རྫོང་དུ་སྐྱས་སྤོས་ནགས་གསོ་དང་རྩྭ་གསོའི་ཚོད་ལྟ་བྱེད་བཞིན་པ།
ཀྲའོ་ཤིན་ཆོན་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མང་ར་རྫོང་དུ་སྐྱས་སྤོས་ནགས་གསོ་དང་རྩྭ་གསོའི་ཚོད་ལྟ་བྱེད་བཞིན་པ།
     ལོ་61ལ་སླེབས་པའི་ཀྲའོ་ཤིན་ཆོན་ནི་ཀྲུང་གོ་ཚན་རིག་ཁང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་གི་རིག་གཞུང་ཡོན་ཀྲང་ཡིན་པ་དང་། ཁོང་གིས“སྣོད་བཅུད་ལུགས་མཐུན་དང་། འགྲོ་སོང་ཆུང་ལ་ལག་བསྟར་ཐུབ་པ། ཞིང་འབྲོག་པས་དང་ལེན་ཐུབ་པ”བཅས་ཀྱི་ན་ཁའི་སྣོད་བཅུད་ཚན་རིག་གི་ཐོན་སྐྱེད་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པ་རེད། རིག་གཞུང་ལམ་བུའི་ཐོག་བསྐྱོད་པའི་བགྲང་བྱ་38ནི་འོད་སྟོང་རབ་ཏུ་འབར་བ་ཞིག་རེད། ཁོང་གིས་སྣེ་འཁྲིད་དེ་བསྐྲུན་པའི་ཀྲུང་གོ་ཚན་རིག་ཁང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་གིས་རྒྱལ་ཁབ་སྤྱི་གླིང་གི་ན་ཁའི་ཐེག་ནུས་ཆེ་རུ་གཏོང་བའི་བྱེད་ཐབས་དང་ན་ཁ་དང་རྩྭ་གཟན་སྲོག་ཆགས་དོ་སྙོམས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་བྱས་ཏེ། སྣོད་བཅུད་དང་དམངས་འཚོ་མཐུན་སྦྱོར་འཕེལ་རྒྱས་དང་ཚན་ཞིབ་དང་སྣོད་བཅུད་ལས་གྲྭ་ཟུང་འབྲེལ་གྱི་ཞིབ་སྤེལ་མ་ལག་བཏོད་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ས་ཚིགས་ལ་འདེགས་སྐྱོར་བྱས་པ་སོགས་བགྲང་གིས་མི་ལངས།
     ཀྲའོ་ཤིན་ཆོན་གྱིས་1982ལོའི་ཟླ་8ཚེས་12ཉིན་མོ་དེ་སེམས་ལ་གསལ་པོར་ངེས་ནས་ཡོད། ཉིན་མོ་དེར་སློབ་གྲྭ་ཐོན་མ་ཐག་པའི་ཁོང་གིས་ལུས་ལ་དམག་མིའི་ཏ་དབྱི་རིང་པོ་ཞིག་གྱོན་ཏེ་བཅིངས་འགྲོལ་རྟགས་ཅན་གྱི་ལྗིད་ཐེག་རླངས་འཁོར་ཆེ་གྲས་ཀྱི་ཤིང་གི་རྐུབ་སྟེགས་ཐོག་བསྡད་ནས་ཀྱག་ཀྱོག་གི་ལམ་འཕྲང་བརྒྱུད་དེ་ས་བབ་སྨི་3940ཟིན་པའི་ཏ་པན་རི་བོ་བརྒལ་ནས་ཀྲུང་གོ་ཚན་རིག་ཁང་མཚོ་བྱང་མཐོ་གྲང་ན་ཁའི་སྣོད་བཅུད་མ་ལག་གི་གནས་གཏན་འཁེལ་ས་ཚིགས་སུ་ཡོང་།
     མཚོ་བྱང་ས་ཚིགས་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་ཁོངས་ཀྱི་མདོ་ལ་རིང་མོའི་འདབས་སུ་གནས་ཤིང་། ཟི་ལིང་གྲོང་ཁྱེར་ནས་བར་ཐག་སྤྱི་ལེ་160ཡོད་པ་དང་ས་བབ་སྨི་3200ཙམ་ཟིན་གྱི་ཡོད། དེ་གར་ན་སོ་གཞོན་པའི་ཀྲའོ་ཤིན་ཆོན་གྱིས་ལུག་མགོ་གྲངས་173འཚོ་མྱོང་བ་དང་། དུས་ཚིགས་མི་འདྲ་བར་སྒོ་ཕྱུགས་ཀྱི་ལྗིད་ཚད་འགྱུར་ལྡོག་གི་ཆོས་ཉིད་ཁོང་དུ་ཆུད་པར་བྱ་ཆེད། ཉིན་ལྟར་མ་དཔེ་ལེན་པ་དང་ལྟ་ཞིབ་ཚད་ལེན་གྱི་ལས་དོན་སྒྲུབ་དགོས་པ་ཕུད། ད་དུང་ཟླ་བ་མི་རེ་ངོ་རེར་ལུག་ཚང་མའི་ལྗིད་ཚད་འཇལ་དགོས་ཀྱི་ཡོད་པ་རེད།
     “ཐེངས་ཤིག་ལུག་རྫིར་འགྲོ་སྐབས་ལུག་བརླགས་པས། ང་དང་ལས་རོགས་དངངས་སྐྲག་ཆེན་པོ་སྐྱེས་བྱུང”ཞེས་ཀྲའོ་ཤིན་ཆོན་གྱིས་དྲན་གསོ་བྱེད་བཞིན་དེ་ལྟར་བཤད་པ་དང་། ལུག་འཚོལ་ཆེད་ང་ཚོས་མཚན་མོ་དེ་རང་དུ་ཉེན་ཁ་ཆེ་བའི་ན་འདམ་བརྒྱུད་དེ་ཁྱིམ་ཚང་མི་རེ་ངོ་རེར་སྐད་ཆ་འདྲི་བར་ཕྱིན་པ་ཡིན། ཉིན་གཉིས་པའི་ཞོགས་པ་ཁྲག་ཤུལ་འདེད་དེ་སོང་རྗེས་རྣ་ཅོག་སྟེང་ཚོད་ལྟའི་མཚོན་རྟགས་བསྒར་བའི་ལུག་དེ་རྙེད་བྱུང་ཞེས་བཤད།
     “ལུག་དེ་མ་རྙེད་ན་ལོ་5རྒྱུན་འཁྱོངས་བྱས་པའི་ཚོད་ལྟ་དེ་འབྲས་མེད་དུ་གྱུར་སོང”ཞེས་ཀྲའོ་ཤིན་ཆོན་གྱིས་དེ་ལྟར་བཤད་པ་དང་། ལུག་རྙེད་རྗེས་བློ་ལྷོད་ལ་བབས་ཀྱང་དཀའ་ལས་ཁག་དྲགས་པས་ལུས་ཟུངས་ཟད་དེ་ཕར་ལོག་པར་དཀའ་ལས་ཆེན་པོ་བྱུང་།
     མཚན་འགྲུལ་རྒྱག་སྐབས་ལག་པ་གཅིག་གིས་གོས་ཐུང་བཟུང་བ་དང་ལག་པ་གཅིག་གིས་སྐེ་རགས་འཁྱེར་ཏེ་ཁྱི་ལྡོམ་འདེད་དགོས། དགུན་ཁ་འཁྱག་པ་བཅགས་ནས་ཆུ་ལེན་སྐབས་ལག་པ་ལྕགས་ཟོམ་སྟེང་འབྱར་ནས་པགས་པའང་བུད་ཀྱི་ཡོད། མ་གཞི་འཚོ་བ་དཀའ་ཚེགས་ཆེན་པོ་ཡིན་ཡང་མཐའ་མ་རེ་འབྲས་དོན་ལ་སྨིན་ཡོད། ཡུན་རིང་ས་མཐོའི་འབྲོག་ལས་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་ལས་ལ་གཞོལ་བས། ཀྲའོ་ཤིན་ཆོན་གྱིས་ཕྱུགས་རིགས་ཇི་ཙམ་འཚོ་དགོས་པ་དང་སྒོ་ཕྱུགས་ཀྱི་བེའུ་སྐྱེ་བའི་ཆོས་ཉིད་གསལ་པོ་རྟོགས་པ་མ་ཟད། ན་ཁ“ཕྱེད་ལེན་ཕྱེད་ཉར”གྱི་ཚན་རིག་དང་མཐུན་པའི་བེད་སྤྱོད་བྱེད་སྟངས་བཏོན་པས། སྐབས་ཤིག་རིང་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་ཁྱབ་ཁོངས་སུ་དོ་ཁུར་ཆེན་པོ་ཐོབ།
     1997ལོར་ཀྲའོ་ཤིན་ཆོན་གྱིས་ཏེན་མག་ཏུ་འབུམ་རམས་པའི་དཔྱད་རྩོམ་ལེགས་གྲུབ་བྱས་རྗེས་སླར་ཡང་མཚོ་བོད་ས་མཐོར་ལོག ད་རེས་ཁོང་གིས་གཙང་གསུམ་ཆུ་འགོའི་རྒྱུད་དུ་བསྐྱོད་རྒྱུའི་གདམ་ག་བྱས།
     མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྟ་བོ་ཐང་ནི་དེ་སྔ་སྐད་གྲགས་ཆོད་པའི་ཐང་རྒོད་ཅིག་རེད། “རྩྭ་ར་ཐང་རྒོད་དུ་གྱུར་ཟིན་པས་ད་དུང་རྩྭ་སྐྱེ་ཐུབ་བམ”ཞེས་མི་མང་པོའི་དོགས་གཞིའི་ཁྲོད་དུ་ཀྲའོ་ཤིན་ཆོན་དང་ཁོང་གི་ཞིབ་འཇུག་ཚོགས་པས་དཀའ་གནད་དེ་ལས་སྒྲོལ་རྒྱུའི་སེམས་ཐག་བཅད།
     མཐར་ཀྲའོ་ཤིན་ཆོན་དང་ཚོགས་པས་རྩྭ་སོན་ཐོན་སྐྱེད་དང་དེ་བཞིན་རྩྭ་ས་ཞན་འགྱུར་གྱི་སྣོད་བཅུད་སླར་གསོའི་ལག་རྩལ་ཁག་27ཞིབ་བཟོ་བྱས་པ་དང་། མཚོ་བོད་ས་མཐོར་འཚམ་པའི་སྤུས་ལེགས་གཟན་རྩྭའི་སྣ་ཁ་གསར་པ་5འདེམས་གསོ་བྱས་པ། སྣ་ཁ་གསར་པའི་རྒྱལ་ཁབ་ས་བོན་རྟེན་གཞི་བཙུགས་ནས་ཕྱུགས་རྩྭའི་སོན་བཟང་གསོ་སྤེལ་ཐད་གཙོ་ཁྲིད་བྱས་པ། འཚོ་བཅུད་སྣོད་བཅུད་རིག་པའི་ཁྱབ་ཁོངས་གསར་པ་བཅས་བཏོད་པ་རེད།
     “གཙང་གསུམ་ཆུ་འགོ་བློས་ཐོངས་ཀྱི་མི་འདུག”2018ལོའི་ཟླ་8ཚེས་17ཉིན་ཁྲེང་ཏུའུ་རུ་ལས་སྒྱུར་བྱས་ནས་རྒན་ཡོལ་ཞུ་གྲབས་ཡོད་པའི་ཀྲའོ་ཤིན་ཆོན་སླར་ཡང་མཚོ་སྔོན་དུ་ཡོང་ནས་ལོ་དེ་གའི་ཟླ་9པར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་གི་རིག་གཞུང་ཡོན་ཀྲང་གི་འགན་འཁུར། 2019ལོར་ལོ་60ལ་སླེབས་པའི་ཀྲའོ་ཤིན་ཆོན་གྱིས་རྩ་འཛུགས་ལ་རྒན་ཡོལ་ནར་འགྱངས་བྱ་རྒྱུའི་རེ་ཞུ་ཕུལ་བ་རེད།
     ཀྲའོ་ཤིན་ཆོན་གྱིས“གཙང་གསུམ་ཆུ་འགོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ས་ཚིགས་དང་པོ་བཙུགས་ནས་མཐོ་གྲང་གི་ན་ཁའི་སྣོད་བཅུད་ཞིབ་འཇུག་ཐད་ཆ་རྐྱེན་བཟང་པོ་བསྐྲུན་ཡོད”ཅེས་བཤད།
     “གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ས་ཁོངས་དང་དེ་བཞིན་དེའི་ཉེ་འགྲམ་གྱི་ས་ཁོངས་ཧྲིལ་པོ་དྲོ་རུ་ཕྱིན་པ་དང་། བཞའ་ཚན་ཆེ་རུ་ཕྱིན་པ། སྔོ་ཐིང་ཐིང་དུ་གྱུར་པ་དང་། སྔོ་ཁེབས་ཐོན་སྐྱེད་ནུས་ཤུགས་བརྟན་དུ་ཕྱིན་པ། རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ཡང་མངོན་གསལ་དོད་པོས་མང་དུ་སོང་ནས་སྣོད་བཅུད་ཞབས་ཞུའི་ནུས་པ་རིམ་གྱིས་ཆེ་རུ་ཕྱིན་ཡོད”ཅེས་ཀྲའོ་ཤིན་ཆོན་གྱིས་བཤད་པ་དང་། གཙང་གསུམ་ཆུ་འགོའི་སྐོར་ཤོད་སྐབས་ཁོང་གིས་སེམས་འགུལ་ཐེབས་བཞིན་དུ“ངོ་མཚར་ཆེ་བའི་ས་ཆ་དེར་ཐུན་མོང་མ་ཡིན་པའི་རང་བྱུང་ཉམས་འགྱུར་ལྡན་པ་མ་ཟད། ད་དུང་མི་རབས་ནས་མི་རབས་རྩྭ་ཆུ་གང་བཟང་དུ་སྐྱས་སྤོ་བའི་འབྲོག་པ་ཡོད་པས་དངོས་གནས་ཧང་སངས་དགོས་པ་ཞིག་རེད་འདུག”ཅེས་བཤད།