འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་14ཉིན།

༄༅༎ཁང་ཕྱིའི་གློག་བརྙན་ཁང་གིས་ཡིད་དུ་འོང་བའི་ས་མཐོའི་དབྱར་དུས་ཀྱི་མཚན་མོ་རབ་ཏུ་བརྒྱན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་14ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། བསིལ་རླུང་ལྡང་རིམ་བཞིན་སེམས་ཁམས་སྐྱིད་ཅིང་། ཨར་འདམ་གྱི་རྡོ་བཀྱག་ཐོག་ལྟད་མོ་ལྟ་མཁན་འཚང་ཁ་ཤིག་ཤིག་ངང་བསྡད་ཡོད། ཉེ་ཆར། སྐབས་14པའི་FIRSTན་གཞོན་གློག་བརྙན་འགྲེམས་སྟོན་ཁང་ཕྱིའི་གློག་བརྙན་ཁང་དུས་ཆད་ལྟར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཐང་ཏའོ་ཚོང་ལས་ཁུལ་དུ་བསྟན་པ་རེད།
     “དབྱར་དུས་སུ་ཁང་ཕྱིའི་གློག་བརྙན་ལྟ་བ་ནི་ང་ཚོ་མི་རབས་དེའི་ཆུང་བྱིས་པའི་དུས་ཀྱི་དྲན་ཤེས་ཡིན་པས་དེ་རིང་སྔ་པོ་ནས་འདི་གར་ཡོང་བ་ཡིན”ཞེས་ལོ་64ལ་སླེབས་པའི་གྲོང་མི་ལི་དབྱིན་གྱིས་བརྗོད། ཁོང་དང་གྲོགས་པོས་ཁ་རས་བརྒྱབ་ནས་ཐང་ཆེན་ཕྱི་རོལ་གྱི་རྡོ་བཀྱག་གི་སྟར་པ་དང་པོར་བསྡད་ཡོད། གློག་བརྙན་བསྟན་པར་ད་དུང་དུས་ཚོད་ཕྲན་ཙམ་ཡོད་ནའང་ཉེ་འཁོར་གྱི་རྡོ་བཀྱག་སྟེང་ལྟད་མོ་ལྟ་མཁན་གྱིས་ཁེངས་ཡོད།
     མི་ཚོགས་ཁྲོད་ནས་མི་འགའ་ཞིག་ནི་བྱིས་པའི་དྲན་ཤེས་འཚོལ་བར་ཡོང་མཁན་ཡིན་པ་དང་། འགའ་ཞིག་ནི་བསྐྱར་འཛོམས་ཀྱི་སྟོན་མོར་ཡོང་མཁན་ཡིན། ཟླ་7ཚེས་26ཉིན་གློག་བརྙན་འགྲེམས་སྟོན་འགོ་ཚུགས་པ་ནས་བཟུང་སྒོར་གཞས་ཐང་ཆེན་དུ་དགོང་ལྟར་གློག་བརྙན་སྟོན་གྱི་ཡོད། དེས་ཟི་ལིང་གི་མཚན་མོར་སླར་ཡང་བཀྲག་མདངས་འཚེར་ས་གསར་པ་ཞིག་བསྣན་ཡོད།
     “2020ལོར་གློག་བརྙན་གྱི་སྐོར་གླེང་སྐབས་གཅིག་ནས་དགའ་པོ་བྱེད་མཁན་ཡོད་ལ་གཉིས་ནས་བློ་ཕམ་སྐྱེས་མཁན་ཡང་ཡོད”FIRSTན་གཞོན་གློག་བརྙན་འགྲེམས་སྟོན་གྱི་མཚན་འཛིན་ཀྲུའུ་ཞི་ཤེ་ཧྥེ་ཡིས། ལོ་ལྟར་གྱི་དུས་དེ་ནི་གློག་བརྙན་ལ་དགའ་པོ་ཡོད་མཁན་ཚོ་གཅིག་ཏུ་འཛོམས་པའི་དུས་སྐབས་ཡག་ཤོས་དེ་རེད་ཅེས་བརྗོད།
     རྒྱལ་ཁབ་གློག་བརྙན་ཅུས་ཀྱིས་ཟླ་7ཚེས་16ཉིན་བརྡ་ཐོ་བཀྲམ་ནས་ཉེན་ཁ་ཆུང་བའི་ས་ཁུལ་གྱི་གློག་བརྙན་ཁང་གི་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་ཁག་ནུས་ལྡན་ངང་དོན་འཁྱོལ་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཟླ་7ཚེས་20ཉིན་ནས་གོ་རིམ་ལྡན་པའི་ངང་བསྐྱར་དུ་གཉེར་སྐྱོང་བྱེད་ཆོག་པ་དང་། ཟླ་7ཚེས་28ཉིན་བར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གློག་བརྙན་ཁང་50ཁྲོད་ནས་24གཉེར་སྐྱོང་བྱེད་འགོ་ཚུགས་ཡོད།
     ད་ཐེངས་ཀྱི་གློག་བརྙན་འགྲེམས་སྟོན་ཉིན་9བསྟུད་མར་བྱ་རྒྱུ་ཡིན་པ་དང་། དེའི་རིང་འགྲེམས་སྟོན་ནང་ཚུད་པའི་གློག་བརྙན་དག་ཟི་ལིང་གྲོང་ཁྱེར་གྱི་གློག་བརྙན་ཁང་དང་ཁང་ཕྱིའི་གློག་བརྙན་ཁང་དུ་འགྲེམས་སྟོན་བྱ་རྒྱུ་རེད། ལྟད་མོ་བ་དང་ཡུལ་སྐོར་བ་མང་པོས་གནས་ཚུལ་དེ་ཐོས་རྗེས་གློག་བརྙན་ལྟ་བར་སླེབས་པ་དང་ཁང་ཕྱིའི་གློག་བརྙན་ཁང་ཉེ་འཁོར་གྱི་ཚོང་ཡང་ཧ་ཅང་ཡག་པོ་ཡོད་པ་རེད།