འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་13ཉིན།

༄༅༎ལི་ཐང་ཟ་ཁང་དུ་གྲོན་ཆུང་གི་སྲོལ་བཟང་བཏོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་13ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟས་སྡེར་གཙང་མ་བྱེད་པ།
ཟས་སྡེར་གཙང་མ་བྱེད་པ།
     མི་དམངས་དྲ་བའི་འཕྲིན། “ངེད་ཚང་གི་ཚལ་འདང་ངེས་ཡིན་པས། ཁྱེད་གཉིས་ཀྱིས་ཚལ་གསུམ་དང་ཐང་གཅིག་མངགས་ན་ཏག་ཏག་འགྲིག་རྒྱུ་རེད། གལ་ཏེ་མི་འདང་ན་ཡང་བསྐྱར་ཁ་སྣོན་བྱས་ན་ཆོག”ཅེས་ཟླ་8པའི་ཚེས་12ཉིན་གྱི་ཉིན་གུང་། སི་ཁྲོན་དཀར་མཛེས་ཁུལ་ལི་ཐང་རྫོང་ཆུང་ལའེ་ཚལ་རིགས་ཟ་ཁང་ནང་གི་སྐུ་མགྲོན་ཚོས་ཁ་ལག་ཟ་རྒྱུ་སྒུག་གི་ཡོད་ལ། སྦྱིན་བདག་གིས་འཛུམ་དམུལ་དམུལ་ངང་མགྲོན་པོར་དྲན་སྐུལ་བྱེད་ཀྱི་ཡོད། ལི་ཐང་རྫོང་གིས“གུས་ལྡན་ལི་ཐང་། ཤེས་དཔལ་གསོལ་ལྕོག”གི་བྱ་སྤྱོད་ལག་བསྟར་བྱས་ཚུན། ཚོང་ཁང་ཕྱོགས་ཀྱིས་སྐུ་མགྲོན་ཚོར་ཟ་མ་འོས་འཚམ་མངགས་པ་ཁྲིད་སྟོན་བྱས་པས། ཟ་མ་འཕྲོ་བརླག་མི་གཏོང་རྒྱུ་དེ་རིམ་བཞིན་རྫོང་དེའི་བཟའ་བཏུང་ལས་རིགས་ཀྱིས་རང་རྟོགས་ངང་ཁྱབ་གདལ་གཏོང་བའི“དར་སྲོལ་གསར་པ”ཞིག་ཏུ་གྱུར་ཡོད།
     ཉེ་དུས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་བཟའ་བཅའི་བདེ་འཇགས་གསོ་སྦྱོང་ཚོགས་འདུའི་ཐོག དཀར་མཛེས་ཁུལ་ལི་ཐང་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་དམངས་གཉེར་ཁེ་ལས་ཀྱི་འཐུས་མི་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་300ལྷག་ཙམ་ལ་བཟའ་བཅའི་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང“ཤེས་དཔལ་གསོལ་ལྕོག”གི་འབྲེལ་ཡོད་འདུ་ཤེས་སྒྲོག་འགྲེལ་བྱས་པ་རེད། རྫོང་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཀྱིས་རང་འགུལ་ངང་སྐུ་མགྲོན་ལ་ལུགས་མཐུན་ངང་ཟ་མ་མངགས་པ་དང་ཚལ་ལྷག་མ་ཐུམ་རྒྱག་དགོས་པའི་དྲན་སྐུལ་བྱས་པ་རེད། ལི་ཐང་རྫོང་གི་སློབ་གསོའི་ཁོངས་གཏོགས་ཀྱིས་ཀྱང་སྐད་འཕྲིན་དང་དྲ་རྒྱ་སོགས་ཀྱི་བྱ་ཐབས་བརྒྱུད་དགེ་སློབ་དང་ཁྱིམ་བདག་ལ“ཤེས་དཔལ་གསོལ་ལྕོག”གི་ནང་དོན་དང་བྱ་སྤྱོད་བྱེད་སྟངས་དྲིལ་བསྒྲགས་བྱས་པ་རེད།
     “སྡེར་མའི་ནང་གི་ཟས་མཆོག་ཚང་མ་ཨེ་ཤེས་སམ༎ ཟས་འབྲུ་རེ་རེའི་རྒྱབ་ལ་རྔུལ་ཆུ་རེ༎” “སྡེར་གཙང་བྱ་སྤྱོད་སྤེལ་ནས། ཟ་མཁས་སྤྱོད་མཁས་བྱེད་པ།” “གཞུང་ཐུར་སྤྱོད་ན་ཤེས་དཔལ་རྟག་ཏུ་གནས།” “རི་སྐྱེས་སྲོག་ཆགས་ཟ་རྒྱུ་དང་ལེན་མི་བྱེད་པ” ལི་ཐང་རྫོང་གི་ཟ་ཁང་དང་། ཆང་ཁང་། གསོལ་ཟས་ཁང་བཅས་བརྒྱ་ལྷག་ཙམ་གྱིས། གྱང་ངོས་ཀྱི་དྲན་སྐུལ་བྱང་བུ་དང་། སྤྱི་ཕན་རྒྱ་ཁྱབ་ཚགས་པར། ཟས་མངགས་ཐོ། གསོལ་ལྕོག་གི་སྦྱར་ཤོག་སོགས་དྲིལ་བསྒྲགས་གཞི་རྟེན་བརྒྱུད་འཛད་སྤྱོད་པར་གསོལ་ལྕོག་ཐོག་གི་ཤེས་དཔལ་གུས་ལུགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་ཡང་ཡང་བྱས་པ་རེད། ལི་ཐང་རྫོང་གི“ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་གཅེས་སེམས་མནའ་འབྲེལ”གྱི་དང་བླངས་པས་ཀྱང་རྟག་ཏུ་ཁྲོམ་གཞུང་དང་ཟ་ཁང་དུ་བསྐྱོད་ནས་ཁ་ཏ་སློབ་སྟོན་དང་དྲིལ་བསྒྲགས་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཤེས་དཔལ་ལྡན་པའི་བཟའ་བཏུང་འདུ་ཤེས་ཁྱབ་གདལ་གཏོང་གི་ཡོད། 
     “ལྟོ་གོས་ཚང་མ་ལས་སླ་མོར་ཐོབ་པ་ཞིག་མིན་པས། ང་ཚོས་རྒྱུན་དུ་སློབ་མར་འབྲས་རྡོག་གཅིག་ཡིན་ཡང་ལས་སླ་མོར་བྱུང་བ་ཞིག་མིན་པས། འབྲུ་རིགས་ལ་གཅེས་སྤྲས་དང་འཕྲོ་བརླག་གཏན་འགོག་བྱེད་དགོས་ཞེས་སློབ་གསོ་བཏང་བ་ཡིན། ད་ལྟ་སློབ་མ་ཚང་མས‘སྡེར་གཙང་བྱ་སྤྱོད’སྤེལ་གྱི་ཡོད།”ལི་ཐང་རྫོང་གྲོང་རྡལ་ཆ་ཚང་སློབ་ཆུང་གསུམ་པའི་དགེ་རྒན་རྣམ་ཐར་གྱིས་ཟ་མ་ཟ་བར་གྲོན་ཆུང་བྱས་པ་ནི་དུས་ཐོག་ཡིན་ལ་དགོས་ངེས་ཤིག་ཀྱང་རེད། “‘སྡེར་གཙང་བྱ་སྤྱོད’རང་ཉིད་ནས་འགོ་འཛུགས་དགོས་པ་དང་། ནང་མི་ནས་འགོ་འཛུགས་དགོས་པ། སློབ་གྲྭའི་སློབ་གསོ་ནས་དམ་འཛིན་བྱེད་དགོས”ཞེས་བརྗོད།
     “དེ་སྔ་ཟས་མ་ཚར་ན་དེ་གར་བཞག་གི་ཡོད། ཐུམ་སྒྲིལ་རྒྱབ་ན་ངོ་ཚ་རེད་བསམ་གྱི་འདུག ད་ལྟ་ཟ་ཁང་གིས་ཀྱང་ང་ཚོར་ཐུམ་སྒྲིལ་རྒྱག་ཆོག་པའི་དྲན་སྐུལ་བྱེད་ཀྱི་འདུག ངས་ད་ལྟ་བལྟས་ན་འབྲུ་རིགས་འཕྲོ་བརླག་བཏང་ན་ད་གཟོད་ངོ་ཚ་རེད།” ཟ་མ་ཟ་བཞིན་པའི་ལི་ཐང་རྫོང་མཐོ་གྲོང་གྲོང་རྡལ་ལི་ཆུ་སྡེ་ཁུལ་གྱི་གྲོང་མི་བསྟན་པས་ཁོང་དང་འདྲ་བར་གྲོང་མི་དཀྱུས་མ་དེ་བས་མང་བ་རང་རྟོགས་ངང་གྲོན་ཆུང་བསྲི་ཚགས་བྱེད་པ་དང་སྤྱོད་བཟང་ཅན་གྱི་གྲལ་དུ་ཞུགས་བཞིན་ཡོད་ཅེས་བརྗོད།
༄༅༎ལི་ཐང་ཟ་ཁང་དུ་གྲོན་ཆུང་གི་སྲོལ་བཟང་བཏོད་པ།