འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་13ཉིན།

༄༅།།ཚན་ཞིབ་པས་ས་བབས་མཐོ་ཤོས་ཀྱི་རྡོའི་པུར་སྒམ་དུར་ཁྲོད་རྙེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་13ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཚན་ཞིབ་པས་ས་བབས་མཐོ་ཤོས་ཀྱི་རྡོའི་པུར་སྒམ་དུར་ཁྲོད་རྙེད་པ།
    མི་དམངས་དྲ་བའི་འཕྲིན། 2001ལོའི་ཟླ་7ཚེས་9ཉིན། ཐང་ཀྲའོ་མིང་གིས་གསར་འགོད་པ་དང་ཚོགས་གཙོ་གཞོན་པའི་འགན་གཉིས་ཀ་ཁུར་བའི་“བྱང་ཐང་མི་མེད་ས་ཁུལ་དུ་ཚན་རིག་རྟོག་ཞིབ་ཚོགས་པ”ཉི་མ་རྫོང་དུ་སླེབས་ནས། གནའ་བོའི་བང་སོའི་རྗེས་ཤུལ་ལ་རྟོག་ཞིབ་བྱས་པ་རེད། 
    གནའ་བོའི་བང་སོའི་རྗེས་ཤུལ་འདི་ནི་ཉི་མ་རྫོང་མཁར་ནས་བར་ཐག་སྤྱི་ལེ་43ཡོད་ཅིང་། མཚོ་ཞིག་གི་འགྲམ་དུ་ཡོད་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི་4634ཡོད། གནའ་ཤུལ་གྱི་ནུབ་ངོས་དང་བྱང་ངོས་ལ་ལྷོ་ནས་བྱང་དུ་ཕྱོགས་པའི་དེའུ་ཆུང་ཆུང་ཞིག་འདུག ང་ཚོ་ལམ་ཁྲིད་མཁན་སྒོ་མང་གྲོང་ཚོའི་ཚོ་དཔོན་ཆོས་གྲགས་ཀྱི་ཁྱིམ་ནི་གནའ་ཤུལ་དང་བར་ཐག་སྨི་100ཙམ་མིན་མེད། 
    སྒོ་མང་གྲོང་ཚོ་རུ། ང་ཚོས་ཁྱོན་བསྡོམས་རྡོའི་པུར་སྒམ་ཡོད་ས་8རྙེད་བྱུང་། རྡོའི་པུར་སྒམ་འདི་དག་གི་ཁྱད་ཆོས་ནི་ས་ངོས་སུ་རྡོ་ལེབ་བརྩིགས་ནས་དབྱིབས་གོར་མོ་དང་འཇོང་དབྱིབས་སམ་སྐས་དབྱིབས་སུ་གྲུབ་འདུག དེའི་ཁྲོད་ཀྱི་གནས་གཅིག་གི་ས་ངོས་རྡོ་སྤུངས་ཐོག་མཐོ་ཚད་ལ་སྨི་1ཡོད་མེད་ཙམ་དང་། ཞེང་ཚད་ལ་ལི་སྨི་20ལྷག་གི་“རྡོ་ནག་གི་ཀ་བ”ལྟ་བུ་ཞིག་བཙུགས་འདུག 
    ང་ཚོས་ས་ངོས་ཀྱི་ཐལ་རྡུལ་གད་ཕྱག་བཏང་རྗེས། རིང་ཐུང་མི་འདྲ་བའི་རྡོ་ལེབ་ཁ་ཤས་ཐོན་བྱུང་། རྡོ་ལེབ་ནི་ཤར་ནས་ནུབ་ཏུ་གོ་རིམ་ལྟར་སྒྲིག་འདུག ཆེས་རིང་བའི་རྡོ་ལེབ་ལ་སྨི་0.7ནས་0.8ཙམ་ཡོད་པ་དང་། ཐུང་བ་ལ་སྨི་0.44ཡོད་ཅིང་། མཐུག་ཚད་གཅིག་འདྲ་མིན། གཞན་ཡང་། གནས་གཉིས་སུ་རྡོ་ལེབ་ཀྱིས་ཐིག་དབྱིབས་ཀྱི་རི་མོ་གྲུབ་ཡོད་པས། འདི་ནི་རྡོའི་པུར་སྒམ་གྱི་དུར་ཚོགས་ཞིག་ཡིན་པ་གསལ་པོ་རེད། 
   སྐབས་དེར་ཀུན་གྱིས་མུ་མཐུད་དུ་སྔོག་འདོན་བྱེད་འདོད་ཡོད་ཀྱང་གནའ་རྫས་དཔྱད་ཞིབ་མི་སྣ་ཞིག་གིས་ང་ཚོའི་ཐེངས་འདིའི་གནའ་རྫས་རྟོག་ཞིབ་ལ་སྔོག་འདོན་བྱེད་པའི་ཐོབ་ཐང་མི་འདང་བས་ལས་མཚམས་འཇོག་དགོས་ཚུལ་བཏོན་པ་རེད། 
   སྐབས་དེར་ང་ཚོར་ཕངས་སེམས་སྐྱེས་ན་ཡང་སྔོག་འདོན་བྱེད་མཚམས་བཞག རྗེས་ཕྱོགས་ཀྱི་ཆེད་ལས་གནའ་རྫས་རྟོག་ཞིབ་སྡེ་ཁག་གིས་སྔོག་འདོན་དང་ཞིབ་འཇུག་བྱེད་པར་མཐུན་རྐྱེན་སྐྲུན་ཆེད། ཡུལ་དངོས་སུ་གཙང་བཟོ་བྱས་ཏེ། རི་མོར་ཕབ་ཤིང་པར་བརྒྱབ་པ་དང་། ཟིན་བྲིས་སུ་བཀོད་རྗེས་ས་བརྒྱངས་ནས་སྔར་གྱི་རྣམ་པར་རང་སར་བཀོད་ཡོད། 
   སྔོན་མར་སྒོ་མང་མཚོའི་ཉེ་འགྲམ་ནི་མིའི་རྗེས་ཤུལ་ཡང་མཐོང་དཀོན་མོ་ཞིག་རེད། ས་ཆ་འདི་རུ་རྩྭ་ཆུ་ལ་བརྟེན་ནས་འཚོ་བ་རོལ་བའི་འབྲོག་པ་མང་ཚོགས་ལ་རྡོའི་པུར་སྒམ་དུ་དུར་འཇུག་གི་ལུགས་སྲོལ་མེད་ཀྱང་། ཉེ་འཁོར་ནས་རྡོའི་པུར་སྒམ་དུར་འཇུག་བྱེད་པའི་མཚོན་རྟགས་ཀྱི་བྲག་རྡོ་ནག་པོའང་རྙེད་མ་མྱོང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་གནའ་རྫས་རྟོག་ཞིབ་པ་ཚེ་དབང་གིས་དབྱེ་ཞིབ་བྱས་ན། འདི་ནི་གདོད་མའི་ཀ་བའི་རྗེས་ཤུལ་ཡིན་ཤས་ཆེ་ཟེར། 
   ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ས་ཆ་ཁག་ནས་རྡོའི་པུར་སྒམ་འདི་རིགས་རྙེད་མྱོང་བ་སྟེ། མཚོན་བྱེད་རང་བཞིན་ལྡན་པའི་རྡོའི་པུར་སྒམ་ནི་ལྷ་སའི་ཆོས་གོང་གནའ་ཤུལ་དང་ཆབ་མདོ་ཤང་ཕུ་གནའ་ཤུལ་རེད། དེ་དག་ནི་རྡོ་ཆས་གསར་པའི་དུས་སྔ་རྗེས་ཀྱི་ཡིན་ཞིང་། ད་ལྟའི་བར་དུ་ལོ་ངོ་སུམ་སྟོང་བཞི་སྟོང་ཙམ་གྱི་ལོ་རྒྱུས་ལྡན། 
   རྡོའི་པུར་སྒམ་དུར་འཇུག་ནི་བོད་ལྗོངས་སུ་དར་སྲོལ་ཆེ་ལ་དེ་ནི་ནང་པའི་བསྟན་པ་བོད་དུ་མ་དར་གོང་གི་ལོ་ངོ་1300ལྷག་བར་དེད་ཆོག ནང་བསྟན་བོད་ལ་དར་རྗེས། རྡོའི་པུར་སྒམ་ཡང་རིམ་བཞིན་མེད་པར་གྱུར་བ་རེད། ཐེངས་འདིར་བྱང་ཐང་གི་རྡོའི་པུར་སྒམ་དུར་ཚོགས་རྙེད་པ་ནི་གཞན་རིགས་ཀྱི་ཤུལ་བཞག་ཡིན་ངེས། དེའི་ཐད་ཀྱི་ལོ་རྒྱུས་གསལ་པོ་དེར་རིམ་གྱིས་ཞིབ་འཇུག་བྱེད་དགོས་ནའང་། ད་ལྟའི་སྔོག་འདོན་ཚོད་ལྟའི་གནས་ཚུལ་ལ་བལྟས་ན། གསར་རྙེད་ཆེན་པོ་འདི་ལས་བོད་ལྗོངས་དང་བྱང་ཐང་གི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་གི་རིན་ཐང་ཧ་ཅང་གལ་ཆེན་ལྡན་ཡོད། 
    སྐབས་འཁེལ་བ་ཞིག་ལ། ཕྱིར་ལོར་ཚན་རིག་རྟོག་ཞིབ་བྱེད་སྐབས། མཚོ་གཉིས་རྫོང་ནས་ཀྱང་ང་ཚོས་རྡོའི་པུར་སྒམ་དུར་ཚོགས་ཤིག་རྙེད་བྱུང་། ཡུལ་དེའི་འབྲོག་པ་ཚོས་དེ་ནི་“མོན་དུར” གནའ་ཤུལ་ཡིན་ཟེར། 
    གོ་ཐོས་ལྟར་ན། “མོན”ནི་ཞང་ཞུང་གི་དུས་སྐབས་སུ་བོད་ལྗོངས་ལྷོ་རྒྱུད་ཀྱི་གནའ་བོའི་རུ་ཤོག་ཅིག་ཡིན་པ་དང་། ཡར་ལུང་རྒྱལ་རྒྱུད་ཀྱི་དུས་བར་མར་དབང་དུ་བསྡུས་པ་རེད། 
དུར་ས་དེའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་70x60ཡོད་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4780ཡོད། ས་ངོས་ཀྱི་རྡོ་རའི་མཚོན་རྟགས་ལ་གཞིགས་ན། དབྱེ་འབྱེད་ཐུབ་པའི་དུར་ཁྲོད་5འདུག བང་སོ་ཆེ་ཤོས་ཀྱི་ཤར་ནུབ་གྱི་རིང་ཚད་ལ་སྨི་12ཙམ་ཡོད་ཅིང་། ལྷོ་བྱང་གི་ཞེང་ཚད་ལ་སྨི་7ཙམ་འདུག  དུར་ཁྲོད་ཡོངས་ཀྱི་ས་ངོས་མཐའ་སྐོར་གྱི་ཞེང་ཚད་སྨི་0.6ནས་0.7ཙམ་ཡོད་པའི་རྡོ་རྩིག་ཅིག་ཡིན་ཞིང་། ནུབ་ངོས་ཀྱི་གྱང་ལ་ཉེ་སར་རྡོ་རིང་8དྲང་མོར་སྒྲིག་འདུག དུར་ཁྲོད་ཡོངས་བྱང་དུ་ཇི་ཙམ་སོང་ན་རྒྱ་ཁྱོན་དེ་ཙམ་གྱིས་ཆུང་བར་གྱུར་བ་དང་། བྱང་སྣེའི་བང་སོའི་ཞེང་ཚད་ལ་སྨི་1.5ནས་སྨི་3.5ཙམ་མིན་མེད། 
    བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་ཤར་རྒན་དབང་འདུས་དང་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཟླ་བ་ཚེ་རིང་རྣམ་པ་གཉིས་ཀས་ཚན་རིག་རྟོག་ཞིབ་བྱེད་རིམ་ཁྲོད། རྡོའི་པུར་སྒམ་དུར་ཁྲོད་འདི་ནི་སྤྱི་ལོ་སྔོན་གྱི་ལོ་1ནས་1000བར་ཡས་མས་སུ་བྱུང་བའི་གནའ་བོའི་ཞང་ཞུང་ཤེས་རིག་དང་འབྲེལ་བ་ཡོད་པ་འདོད། 
    བྱང་ཐང་མི་མེད་ཁུལ་ལ་གནའ་བོའི་མིའི་རིགས་འཚོ་གནས་བྱས་ཡོད་མེད་སྐོར་གྱི་གནད་དོན་ནི་མིག་སྔར་ད་དུང་རིག་གཞུང་ལས་རིགས་ཀྱི་རྩོད་པ་ཆེ་བའི་བརྗོད་གཞི་ཞིག་རེད། བོད་ལྗོངས་གནའ་རྫས་རྟོག་ཞིབ་ལས་དོན་གཉེར་མཁན་ཤར་རྒན་དབང་འདུས་ཀྱིས། འདི་ནི་གཙོ་བོ་མི་སུས་ཀྱང་མི་མེད་ས་ཆ་ནས་བཤད་རིན་ཡོད་པའི་གནའ་རྫས་རྟོག་ཞིབ་ཀྱི་ཁུངས་ཤིག་རྙེད་མེད་པའི་རྐྱེན་གྱིས་རེད། རྡོའི་པུར་སྒམ་དུར་ཁྲོད་ལ་ཚན་རིག་རྟོག་ཞིབ་ཐེངས་གཅིག་གཉིས་བྱས་པར་བརྟེན་པའི་གསར་རྙེད་བྱུང་བ་རེ་འགའ་ལས། དོན་དངོས་རང་བཞིན་གྱི་གནད་དོན་ཚང་མ་གསལ་བཤད་བྱེད་དཀའ་ཟེར། 
༄༅།།ཚན་ཞིབ་པས་ས་བབས་མཐོ་ཤོས་ཀྱི་རྡོའི་པུར་སྒམ་དུར་ཁྲོད་རྙེད་པ།