འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་13ཉིན།

༄༅༎མཚོ་བོད་ཁྲོན་ཡུན་ཀན་འབྲེལ་མཚམས་ས་ཁུལ་གྱི་ཁུལ་དང་(གྲོང་ཁྱེར)གྱི་འགོ་འཛིན་གྱིས་མཉམ་དུ“སྣོད་བཅུད་
སྲུང་ཡོལ”ལ་སྲུང་སྐྱོང་ཆེན་པོ་བྱ་རྒྱུ་དམ་འཛིན་བྱེད་དགོས་པའི་གྲོས་འགོ་བཏོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་13ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་8ཚེས་9ཉིན། མཚོ་བོད་ཁྲོན་ཡུན་ཀན་འབྲེལ་མཚམས་ས་ཁུལ་གྱི་ཁུལ་དང་(གྲོང་ཁྱེར)གྱི་འགོ་འཛིན་གྱི་མཉམ་འབྲེལ་གྲོས་ཚོགས་ཐེངས་དྲུག་པ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་འགོ་ཚུགས་པ།
ཟླ་8ཚེས་9ཉིན། མཚོ་བོད་ཁྲོན་ཡུན་ཀན་འབྲེལ་མཚམས་ས་ཁུལ་གྱི་ཁུལ་དང་(གྲོང་ཁྱེར)གྱི་འགོ་འཛིན་གྱི་མཉམ་འབྲེལ་གྲོས་ཚོགས་ཐེངས་དྲུག་པ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་འགོ་ཚུགས་པ།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་ཁང་མཚོ་སྔོན་རྨ་ཆེན་ནས་གློག་འཕྲིན་འབྱོར་གསལ། མཚོ་བོད་ཁྲོན་ཡུན་ཀན་འབྲེལ་མཚམས་ས་ཁུལ་གྱི་ཁུལ་དང་(གྲོང་ཁྱེར)གྱི་འགོ་འཛིན་གྱི་མཉམ་འབྲེལ་གྲོས་ཚོགས་ཐེངས་དྲུག་པ་ཟླ་8ཚེས་9ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་འགོ་ཚུགས་པ་རེད། མཚོ་བོད་ཁྲོན་ཡུན་ཀན་འབྲེལ་མཚམས་ས་ཁུལ་གྱི་ཁུལ་དང་(གྲོང་ཁྱེར)ནས་ཡོང་བའི་འགོ་འཛིན་ཚང་མས་ལག་གདང་སྦྲེལ་ནས་སྣོད་བཅུད་བདེ་འཇགས་ཀྱི་ཐུན་མོང་སྒྲིག་གཞི་བཏོད་དེ་མཉམ་དུ“སྣོད་བཅུད་སྲུང་ཡོལ”ལ་སྲུང་སྐྱོང་ཆེན་པོ་བྱ་རྒྱུ་དམ་འཛིན་བྱེད་དགོས་ཞེས་བརྗོད།
    སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུད་ཀྱི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་གིས“‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་དང་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་བ་སོགས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལག་བསྟར་བྱས་པ་དང་། ལྷག་པར་དུ་ཁྲོན་བོད་ལྕགས་ལམ་དང་ཁྲོན་བོད་མྱུར་བགྲོད་གཞུང་ལམ་སོགས་རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་རིམ་བཞིན་དོན་འཁྱོལ་བྱུང་བ་དང་བསྟུན་ནས། ང་ཚོ་བྱས་ན་བྱེད་གཞི་ཆེ་བའི་ལོ་རྒྱུས་ཀྱི་གོ་སྐབས་དུས་སུ་གནས་ཡོད་ལ། འཕེལ་རྒྱས་ཀྱི་སྐར་ཁུང་དུས་ཡག་ཤོས་ཀྱང་བསུ་བཞིན་ཡོད”ཅེས་བརྗོད།
     ལིའུ་ཅི་ཞང་གིས“འབྲེལ་མཚམས་ས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་བཟང་ངན་དེ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་ཐད་ཀར་འབྲེལ་བ་ཡོད། ང་ཚོས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བར་སྟོང་གི་བཀོད་པ་དང་ཐོན་ལས་ཀྱི་བཀོད་པ་ཆགས་པར་བྱས་ནས། དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་སྟེ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས”པའི་ངོས་འཛིན་བྱས།
     ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་ཁུལ་དཔོན་ཆི་ཅན་ཤིན་གྱིས“འདི་ལོ་ནི‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་གཞི་འགོད་པའི་ལོ་གལ་ཆེན་ཞིག་ཡིན་ལ། དུས་བབ་གསར་པ་དང་། ལས་འགན་གསར་པ། གོ་སྐབས་གསར་པ་བཅས་ཀྱི་མདུན་དུ། ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱིས‘གཙང་གསུམ’སྟོད་རྒྱུད་ཀྱི་སྐྱེ་ཁམས་སླར་གསོའི་ལས་གྲྭ་དང་། སྐྱེ་ཁམས་ནུས་པའི་ཁུལ་སྤོ་སྒྱུར་གྱི་གཏོང་སྤྲོད་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཐུན་མོང་ཐོག་བརྩོན་ལེན་བྱ་དགོས”ཞེས་བཤད་པ་དང་། དུས་མཚུངས། རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་དང་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་འཛུགས་སྐྲུན་སོགས་ཐད་ཀྱི་ཕན་ཚུན་སློབ་སྦྱོང་དང་སྤེལ་རེས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བརྗོད།
    བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་འགོ་འཛིན་ཁྲེན་ཅུན་གྱིས“ང་ཚོས་ས་ཆུ་སྲུང་འཛིན་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་། ཞིང་འདོར་ནགས་གསོ་དང་རྩྭ་གསོ་སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་སྤྱི་གླིང་གི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་མཉམ་དུ་འཛུགས་སྐྲུན་དང་མཉམ་དུ་དོ་དམ་བྱ་རྒྱུ་མངོན་འགྱུར་ཡོང་བ་བྱེད་དགོས། དུས་མཚུངས་སུ་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། གཙང་གསུམ་འབབ་རྒྱུད་སྟོད་སྨད་ཀྱི་འཕྲེད་ཕྱོགས་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས་ས་རྒྱུའི་སྦགས་བཙོག་རིགས་དབྱེ་དོ་དམ་དང་བདེ་འཇགས་བེད་སྤྱོད་བྱ་དགོས”ཞེས་བརྗོད།
     སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་གྱི་ཁུལ་དཔོན་དབྱང་ཁེ་ཉིང་གིས“ཆུ་རྒྱུད་སྟོད་སྨད་གྲོས་མོལ་དང་ཆུ་ངོགས་གཡས་གཡོན་མཉམ་བཅོས”ཀྱི་ལམ་སྲོལ་རྒྱུན་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་ས་ཁོངས་དབར་གྱི་སྣོད་བཅུད་ཁོར་ཡུག་སྦགས་བཙོག་མཉམ་འགོག་དང་། མཉམ་འཛིན། མཉམ་བཅོས་བཅས་གཏིང་ཟབ་ཏུ་བཏང་ནས། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོ་གསོ་འཁྱོངས་སྲུང་སྐྱོང་བྱེད་པའི“དྲ་བ་གཅིག”དང“དར་ཆ་གཅིག”ཆགས་པ་བྱས་ཏེ། ས་ཁོངས་ཁོར་ཡུག་གི་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་བྱ་དགོས་ཞེས་བརྗོད།
     མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་ཁུལ་དཔོན་པད་རྒྱལ་བཀྲ་ཤིས་ཀྱིས“མཚོ་བོད་ཁྲོན་ཡུན་ཀན་བཅས་ཞིང་ལྗོངས་ལྔའི་ཁུལ་དང་གྲོང་ཁྱེར་དགུ་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། ང་ཚོས་རྒྱལ་ཁབ་ཀྱིས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན། དེ་བཞིན་སྣོད་བཅུད་མ་ལག་གལ་ཆེན་སྲུང་སྐྱོང་དང་སླར་གསོའི་འདུ་འགོད་གལ་ཆེན་གྱི་སྤྱིའི་འཆར་འགོད་སོགས་ཀྱི་གོ་སྐབས་དམ་འཛིན་ནན་པོ་བྱེད་དགོས་པ་དང་། ཐུན་མོང་ཐོག་འབྲི་ཆུའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་རྣམ་གྲངས་གལ་ཆེན་གྱི་འཆར་འགོད་བཟོས་ནས། རྩྭ་ཐང་དང་། ནགས་ཚལ། བརླན་ས། སྐྱེ་དངོས་སྣ་མང་རང་བཞིན་བཅས་སྲུང་སྐྱོང་བྱེད་པའི་མཉམ་འགོག་སྒྲིག་སྲོལ་འཛུགས་ཏེ། མཚོ་བོད་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་མཉམ་དུ་བསྐྲུན་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན”ཞེས་བཤད།
འདི་ནི་མཉམ་འབྲེལ་གྲོས་ཚོགས་མཇུག་འགྲིལ་རྗེས་མཉམ་འཛོམས་པར་བརྒྱབ་པའི་རྣམ་པ་ཡིན་པ།
འདི་ནི་མཉམ་འབྲེལ་གྲོས་ཚོགས་མཇུག་འགྲིལ་རྗེས་མཉམ་འཛོམས་པར་བརྒྱབ་པའི་རྣམ་པ་ཡིན་པ།