འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་13ཉིན།

༄༅༎ཀན་སུའུ་རྩྭ་ཐང་གི“སྲུང་དམག་ཆུང་ཆུང”དབྱར་གསེང་རིང་རྩྭ་ཐང་སྲུང་བར་བྲེལ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་13ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཟླ་བརྒྱད་པར་མདོ་ལ་རིང་མོའི་གཤམ་གྱི་བཀྲ་ཤིས་ཕྱུག་ལུང་རྩྭ་ཐང་ཧ་ཅང་མཛེས་ཤིང་ལྟ་ན་སྡུག་ལ། སྔོ་བསངས་ནམ་མཁའི་འོག་ཏུ། གཡུ་གཞོང་ལྟར་གྱི་རྩྭ་ཐང་མུ་མཐའ་མེད་ལ་སྐབས་སྐབས་སུ་གད་སྙིགས་སྒྲུག་མཁན་གྱི་རྒྱབ་གཟུགས་ཆུང་ཆུང་རེ་མཐོང་རྒྱུ་ཡོད།
     ལོ་13ལ་སླེབས་པའི་མཱ་ལྷ་མོ་དཀར་ནི་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་ཕུང་དམར་རིས་སློབ་ཆུང་གི་ལོ་རིམ་ལྔ་པའི་སློབ་མ་ཞིག་ཡིན། འདི་ལོའི་དབྱར་གསེང་སྐབས་ཁོང་དང་ཁོང་གི་གྲོགས་པོ་ཆུང་ཆུང་ཚོ་རྩྭ་ཐང་ཐོག་གད་སྙིགས་སྒྲུག་མཁན་གྱི“སྲུང་དམག་ཆུང་ཆུང”ཞིག་ཏུ་གྱུར།
     “རྩྭ་ཐང་ལ་སྲུང་སྐྱོང་བྱེད་པ་ནི་ང་ཚོའི་ཁྱིམ་ཚང་ལ་སྲུང་སྐྱོང་བྱེད་པ་དང་གཅིག་པ་ཡིན། འདི་ལོའི་དབྱར་གསེང་རིང་ངས་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་དོན་སྙིང་ལྡན་པའི་བྱ་བ་ཞིག་སྒྲུབ་འདོད་འདུག ལོ་ལྟར་དབྱར་ཁར་ཕ་ཡུལ་གྱི་རྩྭ་ཐང་དུ་ཡུལ་སྐོར་བ་མང་པོ་ཡོང་གི་འདུག ང་དང་གྲོགས་པོ་ཆུང་ཆུང་ཚོས་ཉིན་རེའི་དབྱར་གསེང་གི་སྦྱོང་ཚན་བྲིས་རྗེས་གཙང་སྦྲའི་ལག་ཆ་འཁྱེར་ནས་རྒན་ རྒོན་ཚོ་དང་མཉམ་དུ་གད་སྙིགས་སྒྲུག་པར་འགྲོ་གི་ཡོད་ཅེས”མཱ་ལྷ་མོ་དཀར་གྱིས་བཤད་བྱུང་།
     ཉེ་བའི་ལོ་ཤས་རིང་དཔའ་རིས་རྫོང་གིས་སྣོད་བཅུད་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཞིང་འབྲོག་པར“ས་ཁོངས་ཡོངས་སུ་གད་སྙིགས་གཅིག་ཀྱང་མེད་པ”གྲོང་སྲོལ་དམངས་ཆིངས་ནང་འཇུག་རྒྱུར་ཁྲིད་སྟོན་བྱས་ཡོད། ད་ཆ་འདི་གའི་རང་བྱུང་རྩྭ་ཐང་དུ་སྔོ་ཁེབས་ཁྱབ་ཚད་94.5%ཟིན་ནས་ས་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མི་སེམས་སུ་འཇགས་ཡོད་ལ། དབྱར་གསེང་སླེབས་རིམ་བཞིན་སློབ་གྲྭ་འབྲིང་ཆུང་གི་སློབ་མ་མང་པོ་ཞིག་ས་གནས་དེ་གའི་ཁོར་ཡུག་སྲུང་སྐྱོང་དང་བླངས་པ་བྱེད་ཀྱི་ཡོད།
     “རྩྭ་ཐང་ནམ་ཡང་སྔོ་ཐིང་ཐིང་དང་ཕ་ཡུལ་དེ་བས་མཛེས་སྡུག་ལྡན་པའི་རེ་བ་ཡོད”ཅེས་མཱ་ལྷ་མོ་དཀར་གྱིས་བཤད་བྱུང་།