འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་12ཉིན།

༄༅༎ཨ་ཆེན་གངས་རྒྱབ་གཙོད་གནས་མཚེའུ་རུ་བསྐྱོད་པའི་ཆུ་ཚོད་14དང་ཕྱེད་ཀ

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་12ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཨ་ཆེན་གངས་རྒྱབ་གཙོད་གནས་མཚེའུ་རུ་བསྐྱོད་པའི་ཆུ་ཚོད་14དང་ཕྱེད་ཀ
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་ཨ་ཆེན་གངས་རྒྱབ་ནི་གོ་ལ་ཧྲིལ་པོའི་སྣོད་བཅུད་ཁྱབ་ཁོངས་སུ་སྐད་གྲགས་ཆེ་བའི་གནས་ཤིག་ཡིན་ལ། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རིགས་ཧ་ཅང་མང་པོ་ཡོད། གཙོད་ལ“ཨ་ཆེན་གངས་རྒྱབ་ཀྱི་གཟི་བརྗིད”ཅེས་འབོད་ཀྱི་ཡོད། ད་ལོའི་གཙོད་ཀྱིས་གནས་སྤོས་ནས་ཕྲུ་གུ་སྐྱེ་བའི་དུས་ཚིགས་སུ། གསར་འགོད་པ་ཨ་ཆེན་གངས་རྒྱབ་ཀྱི་སྐོར་གཡེང་རུ་མི་དང་མཉམ་དུ“གཙོད་ཀྱི་བཙའ་ཁང་ཆེན་མོ”སྟེ་གཙོད་གནས་མཚེའུ་རུ་སྐོར་གཡེང་བྱེད་པར་བསྐྱོད་དེ། ཁོང་ཚོས“མི་ཡུལ་གྱི་དག་ཞིང”སྲུང་སྐྱོང་བྱེད་ཚུལ་ལ་མྱོང་ཚོར་བྱས་པ་ཡིན། 
     དྲག་ཆར་དང་། ཚ་བ་ཆེན་མོ། སེར་བ། འདམ་རྫབ་སོགས་དང་འཕྲད་ཅིང་། “གཙོད་ཀྱི་བཙའ་ཁང་ཆེན་མོ”གཙོད་གནས་མཚེའུ་རུ་བསྐྱོད་པའི་ལམ་བར་གྱི་ཆུ་ཚོད་14དང་ཕྱེད་ཀའི་བརྒྱུད་རིམ་ནི་བརྗེད་ཐབས་བྲལ་བ་ཞིག་རེད། 
     ཆུ་ཚོད་6གི་རིང་ལ་སྨི་160ཙམ་ཕྱིན་པ།
     ཨ་ཆེན་གངས་རྒྱབ་ལ་སོག་སྐད་དུ“ཁུ་ཁུ་ཤི་ལི”ཟེར་ཞིང་མཛེས་སྡུག་ལྡན་པའི་གཞོན་ནུ་མ་ཞེས་པའི་དོན་ཡིན། ཆ་སྙོམས་ས་བབ་མཐོ་ཚད་སྨི་4600ཡན་ཟིན་ཡོད། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གཙོད་འཚོ་གནས་བྱ་ཡུལ་གལ་ཆེན་ཞིག་རེད། ལོ་རེའི་ཟླ་5པ་ནས་7པའི་བར། གཙོད་ཕྲུག་བཙའ་ཉེ་བའི་གཙོད་མོ་དེ་ཚོ་ཨ་ཆེན་གངས་རྒྱབ་ཀྱི་གཙོད་གནས་མཚེའུ་ས་ཁོངས་སུ་སླེབས་ནས་ཕྲུ་གུ་བཙའ་བཞིན་ཡོད་པ་རེད།
     ས་བབ་མཐོ་ཚད་སྨི་4800ཙམ་ཡོད་པའི་གཙོད་གནས་མཚེའུ་སྲུང་སྐྱོང་ས་ཚིགས་ནི་ཨ་ཆེན་གངས་རྒྱབ་ཀྱི་སྲུང་སྐྱོང་ས་ཚིགས་ལྔའི་གྲས་ཤིག་རེད། སྐོར་གཡེང་རུ་ཁག་གི་རུ་མི་ཁག་གཅིག་གིས་ལོ་ཧྲིལ་པོར་དེ་གར་སྐོར་གཡེང་བྱེད་དགོས། ཞོགས་པའི་ཆུ་ཚོད་7དང་སྐར་མ་30ཡས་མས་སུ། ང་ཚོའི་རླངས་འཁོར་གཉིས་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ནས་ཐོན་ཏེ་མཚོ་བོད་གཞུང་ལམ་བརྒྱུད་ནས་ལྷོ་ཕྱོགས་སུ་སྤྱི་ལེ་20ཙམ་བསྐྱོད་རྗེས། འདམ་རྫབ་ཀྱི་རི་ལམ་དེད་ནས་གཙོད་གནས་མཚེའུ་ཡི་ཕྱོགས་སུ་བསྐྱོད།
     དབྱར་དུས་ཀྱི་ཨ་ཆེན་གངས་རྒྱབ་ལ་ཆར་ཆུ་མང་བས་འགྲོ་ལམ་འདམ་རྫབ་ཀྱི་ཁེངས། རླངས་འཁོར་ལ་བསྡད་པ་ན་རྦ་རླབས་ཁྲོད་ཀྱི་གྲུ་ནང་བསྡད་པ་དང་འདྲ་བར་ཡར་ལྡིང་མར་ལྡིང་བྱེད། འབར་འབུར་དང་འཕྲད་ཐེངས་རེར། སྐོར་གཡེང་རུ་མི་ཀུན་བཟང་རྡོ་རྗེས་ཀྱང་ཁ་སྒྱུར་འཁོར་ལོ་དམ་པོར་བཟུང་ནས“ཨ་ཆེན་གངས་རྒྱབ་ནས་རླངས་འཁོར་གཏོང་བ་ནི་བྱེས་བགྲོད་རླངས་འཁོར་འགྲན་བསྡུར་ནང་ཞུགས་པ་དང་འདྲ་བར་ངར་སློང་གི་ཡོད”ཅེས་བཤད། 
     སྤྱི་ལེ་40ལྷག་ཙམ་སོང་རྗེས་ང་ཚོའི་རླངས་འཁོར་འདམ་ནང་ལ་ཐེངས་དང་པོར་ཟུག ཆོས་འཕེལ་བཀྲ་ཤིས་ཀྱིས་སྟོད་གོས་ཕུད་དེ་འདམ་གྱི་ནང་དུ་པུས་མོ་བཙུགས་ནས་རླངས་འཁོར་འདྲུད་གྲབས་བྱས། “ཨ་ཆེན་གངས་རྒྱབ་ལ་སྐོར་གཡེང་བྱེད་པར་ངེས་པར་དུ་རླངས་འཁོར་གཉིས་མཉམ་དུ་བསྐྱོད་དགོས། རླངས་འཁོར་འདམ་རྫབ་ཏུ་ཟུག་ནའང་ཕན་ཚུན་རོགས་རམ་བྱེད་ཆོག”ཅེས་ཆོས་འཕེལ་བཀྲ་ཤིས་ཀྱིས་བཤད།
     གཙོད་གནས་མཚེའུ་དང་ཐག་ག་ཚོད་ཉེ་ན། འགྲོ་ལམ་ཇི་ཙམ་སྡུག་པས་དེ་ཙམ་གྱིས་རླངས་འཁོར་འདམ་རྫབ་ཏུ་ཟུག་སླ། སྨི་160ཙམ་གྱི་ལམ་ཞིག་ལ་ང་ཚོ་ཐ་ན་ཆུ་ཚོད་དྲུག་ཙམ་བགོར་བ་རེད། འདམ་ཆུ་ལ་གདོང་ལ་ཐོར་རུང་རླངས་འཁོར་ཤུགས་ཀྱིས་འདེད་པ་དང་། འདམ་ནང་ལ་ཉལ་ནས་རླངས་འཁོར་ཞིག་གསོ་བྱེད་དགོས་པས། ལམ་བར་དུ་རླངས་འཁོར་དང་མི་ཚང་མ་འདམ་གྱི་ནང་དུ་ལྷུང་།
     ས་མཐོའི་གནམ་ནི་བྱིས་པའི་གདོང་དང་འདྲ།
     ས་མཐོའི་གནམ་གཤིས་ནི་བྱིས་པའི་ངོ་གདོང་དང་འདྲ་བར་འགྱུར་ལྡོག་ཤིན་ཏུ་ཆེ།
     གློ་བུར་དུ་བྱུང་བའི་ཆར་པ་ཆེན་པོས་སྐོར་གཡེང་རུ་ཁག་གི་རུ་མི་ཚོས་རླངས་འཁོར་འདྲུད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཐུག “དུས་ཚོད་དམ་འཛིན་མ་བྱས་ན་ཆར་པ་ཇི་ཙམ་བབས་ན་རླངས་འཁོར་དེ་ཙམ་འདྲུད་ཁག་པོ་ཡིན”ཞེས་རི་སྐོར་རུ་མི་ཀུན་བཟང་རྡོ་རྗེས་ལག་ཏུ་སྒྲིལ་འཁོར་གྱི་རྒྱང་འཛིན་ཡོ་ཆས་བཟུང་སྟེ། ཐག་པ་འཐེན་ནས་རླངས་འཁོར་དྲུད་པ་རེད། 
     ཆུ་ཚོད་ཕྱེད་ཀ་ལྷག་ཙམ་སོང་རྗེས། འདམ་རྫབ་དུ་ཟུག་པའི་རླངས་འཁོར་མཐར་འདམ་ལས་ཐར་བས། ང་ཚོ་མུ་མཐུད་དུ་གཙོད་གནས་མཚེའུ་རུ་བསྐྱོད་པའི་ལམ་ལ་ཆས། ཀུན་བཟང་རྡོ་རྗེ་རླངས་འཁོར་ནང་དུ་བསྡད་དེ། གོས་ཀྱིས་ལག་པའི་འདམ་བག་ཕྱིས་ལ། ཆུ་ཐིགས་ཞྭ་མོའི་འདབས་ནས་ཟགས། “རི་སྐོར་བྱེད་ཐེངས་རེར་རླངས་འཁོར་ལ་འདི་ལྟ་བུའི་དོན་དག་རེ་འབྱུང་སྲིད་དེ། སྐབས་འགར་རླངས་འཁོར་འོག་ནས་བསློགས་པའི་འདམ་བག་གི་མཐོ་ཚད་ངའི་གཟུགས་ཚད་དང་མཉམ”ཞེས་བརྗོད།
     “མི་མེད་ལུང་སྟོང་དུ་རླངས་འཁོར་ནི་རྒྱབ་རྟེན་ལྟ་བུ་ཡིན། ལམ་བར་ལ་དཀའ་ལས་ཅི་ཙམ་ཐུག་ན་ཡང་ང་ཚོ་རླངས་འཁོར་དང་མཉམ་དུ་མཐའ་སྣེའི་ཕྱོགས་སུ་བསྐྱོད་དགོས”ཞེས་ཀུན་བཟང་རྡོ་རྗེས་ཁ་སྒྱུར་འཁོར་ལོ་དམ་པོར་བཟུང་ལ། སེམས་ཤུགས་བརྟན་པོའི་ངང་བཤད།
     མི་མེད་ལུང་སྟོང་ལ་སྲུང་མཁན་ཡོད།
     “ལྟོས་དང་། དེ་ནི་གཙོད་གནས་མཚེའུ་རེད” ཆོས་འཕེལ་བཀྲ་ཤིས་ཀྱི་མཛུབ་མོའི་སྟོན་ཕྱོགས་སུ་ཟླ་འོད་འོག་ཏུ་དངུལ་མདོག་གི་དར་སྐུད་ཅིག་མིག་ལམ་དུ་འཆར། 
     དགོང་མོའི་ཆུ་ཚོད་10ཡས་མས་སུ། ཆུ་ཚོད་14དང་ཕྱེད་ཀ་ཙམ་གྱི་ཆར་རླུང་བརྒྱུད་མཐར་ང་ཚོ་གཙོད་གནས་མཚེའུ་སྲུང་སྐྱོང་ས་ཚིགས་སུ་འབྱོར་བ་ཡིན། “དེ་རིང་ལམ་འགྲོ་བྱུང་བས་ལམ་བར་དུ་ཞག་སྡོད་བྱེད་མ་དགོས”ཞེས་ཀུན་བཟང་རྡོ་རྗེས་སྐད་ཆ་ཤོད་བཞིན་གདོང་གི་འདམ་བག་ཕྱིས།
     ལོ་ཧྲིལ་པོར་ཨ་ཆེན་གངས་རྒྱབ་ལ་སྐོར་གཡེང་བྱས་པས། ཤ་མདོག་ནག་པོ་དང་། ལག་པ་གཉིས་རྩུབ་པོ། མཆུ་མདོག་སྨུག་པོ་བཅས་ནི་རུ་མི་ཚོའི“ཚད་ལྡན་གྱི་ཉམས་འགྱུར”དུ་གྱུར་ཡོད། རུ་མི་རྒན་གྲས་དེ་བས་མང་བ་ཞིག་གིས་ལོ་མང་རིང་སྐོར་གཡེང་བྱས་པས། ཚང་མར་ཚད་མི་འདྲ་བའི་ཚིགས་ནད་དང་རྐེད་ཚིགས་མཁར་མཚམས་འབུར་ཐོན་ནད་སོགས་ཀྱི་ནད་ཕོག་ཡོད།
     ཆོས་འཕེལ་བཀྲ་ཤིས་ཀྱིས་རང་གི་བྲང་ཁར་མཛུབ་མོ་བཙུགས་ནས“འདི་གར་བདེ་ཐང་གཅིག་ཀྱང་མེད་མོད། འོན་ཀྱང་ངས་ཨ་ཆེན་གངས་རྒྱབ་སྐྱུར་མི་ཐུབ། ཨ་ཆེན་གངས་རྒྱབ་ཀྱི་ཆེད་དུ་ངས་ཚེ་སྲོག་བློས་གཏོང་ཐུབ”ཅེས་བརྗོད།
     ཚེ་སྲོག་བཀག་སྡོམ་ཁུལ་དུ་བརྟན་སྲུང་བྱེད་མཁན་ཡོད། ཨ་ཆེན་གངས་རྒྱབ་ཀྱི་སྐོར་གཡེང་རུ་མི་ཚོས། རང་ཉིད་ཀྱི་ལྷག་བསམ་དང་ལང་ཚོ་དང་ཐ་ན་ཚེ་སྲོག་ལ་བརྟེན་ནས“མཛེས་སྡུག་ལྡན་པའི་གཞོན་ནུ་མའི”ལྷིང་འཇགས་དང་མཛེས་ཉམས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད།
【1】  【2】  【3】  【4】  【5】
༄༅༎ཨ་ཆེན་གངས་རྒྱབ་གཙོད་གནས་མཚེའུ་རུ་བསྐྱོད་པའི་ཆུ་ཚོད་14དང་ཕྱེད་ཀ