འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་12ཉིན།

༄༅༎མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཁྲོམ་རའི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་རྒྱུན་མཐུད་ལེགས་སུ་འགྲོ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་12ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཀྲུང་གོ་གསར་འགྱུར་དྲ་བ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། “ཟླ་8ཚེས་10ཉིན་བར་མཚོ་སྔོན་ཚྭ་ཁའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་85ཟིན་ནས་ན་ནིང་གི་དུས་མཚུངས་ཆུ་ཚད་ཀྱི་བཅུ་ཆ་བཞི་ཟིན་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་སླར་ཡང་འདི་ལོའི་ཟིན་ཐོ་ལས་བརྒལ་ཏེ་མི་ཁྲི་གཉིས་ལྷག་ཙམ་ཟིན་པ་དེ་ན་ནིང་གི་དུས་མཚུངས་ཀྱི་50%ཙམ་ཟིན་གྱི་ཡོད”ཅེས་མཚོ་སྔོན་ནུབ་རྒྱུད་གཏེར་ལས་རིག་གནས་ཡུལ་སྐོར་གྱི་སྤྱི་ཁྱབ་རྩིས་གཉེར་པ་ལིའུ་ཐིང་ཐིང་གིས་ཚེས་10ཉིན་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་གྱི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུའི་ཐོག་དེ་ལྟར་བརྗོད།
     ཚེས་10ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང(གཤམ་དུ་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་ཞེས་བསྡུ་རྒྱུ)གིས་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་གྱི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་འཐུས་མི་ཁག་གིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ཚུན་གྱི་ལས་དོན་གནས་ཚུལ་སྙན་སེང་ཞུས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་1ནས་ཟླ་7བར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་1577.58ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་43.9%ཆག་པ་དང་ཡུལ་སྐོར་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་122.27ཟིན་ནས་དུས་མཚུངས་ལས་60.2%ཆག་པ་དེ་ན་ནིང་གི་དུས་མཚུངས་ཀྱི་བཅུ་ཆ་དྲུག་དང་བཅུ་ཆ་བཞི་བར་སོ་སོར་སླར་གསོ་ཐུབ་པ་དང་། དེའི་ནང་ཟླ་བདུན་པར་མི་ཐེངས་ཁྲི་546.61ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་31.6%ཆག་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་48.81ཟིན་ནས་དུས་མཚུངས་ལས་50.4%ཆག་ཡོད་པ་རེད། ཟླ་8ཚེས་10ཉིན་བར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིག་གནས་ཁང(ས་ཚིགས)དང་། དཔེ་མཛོད་ཁང་། རྟེན་རྫས་བཤམས་མཛོད་ཁང་། ཡུལ་སྐོར་གྱི་སྐར་མ་རིམ་པའི་གསོལ་མགྲོན་ཁང་། ཡུལ་སྐོར་ལས་དོན་ཁང་། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་ཚང་མར་ལས་འགོ་བསྐྱར་འཛུགས་བྱེད་ཚད་100%ཟིན་ཡོད་པ་རེད། རིག་གནས་ཡུལ་སྐོར་ཁྲོམ་ར་ལས་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་དང་། དོན་འཁྱོལ་བྱེད་ཐབས་ཡག་པ། སླར་གསོ་བྱེད་ཤུགས་ཆེ་བ། བདེ་འཇགས་དང་གོ་རིམ་ལྡན་པ། ཡ་རབས་གུས་ཞབས་ལྡན་པ་བཅས་ཀྱི་འཕེལ་ཕྱོགས་བཟང་པོ་མངོན་པ་རེད།
     རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ལས་དོན་ཁང་ཆེ་གྲས་ཁག་གི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་རྒྱལ་མཚམས་སུ་ཡོང་བའི་ཡུལ་སྐོར་ལས་སྒོ་དང་རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་ལས་སྒོ་ཆེ་གྲས་གཉིས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ནས་རྒྱལ་མཚམས་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཡོང་མཚམས་བཞག་པ་དང་རྒྱལ་མཚམས་སྒྲོལ་བའི་ལས་སྒོའང་སྤེལ་ཐུབ་མེད། ཁེ་ལས་ལ་རང་སྐྱོབ་ཧུར་ཐག་བྱ་རྒྱུར་རོགས་རམ་བྱ་ཆེད་ཟླ་3པའི་ཟླ་མཇུག་ཏུ་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐིང་གིས“རིག་གནས་ཡུལ་སྐོར་བ་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་ཆེད་ཁྲོམ་རའི་ཐོག་གྲ་སྒྲིག་ཡག་པོ་བྱས་པ་དང་ཟླ་4པར་ལས་རིགས་ཡོངས་སུ་སྐུལ་སློང་བྱས་ཏེ“མཚོ་སྔོན་བས་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི”ལས་དོན་སྤེལ་འགོ་བཙུགས་པར་ཕན་འབྲས་བཟང་པོ་ཐོན་ཡོད།