འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་10ཉིན།

༄༅།།པེ་ཅིང་གིས་སྟོན་དུས་ཀྱི་སློབ་དུས་འགོ་ཚུགས་པའི་དུས་ཚོད་གཏན་འཁེལ་བྱས་འདུག

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་10ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་9ཉིན། གསར་འགོད་པས་པེ་ཅིང་གྲོང་ཁྱེར་སློབ་ཨུད་ནས་ཤེས་རྟོགས་བྱུང་གསལ། པེ་ཅིང་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་ཉེ་ཆར་《གྲོང་ཁྱེར་ཡོངས་ཀྱི་རིགས་ཁག་དང་རིམ་པ་ཁག་གི་སློབ་གྲྭས་2020-2021ལོའི་སློབ་ལོའི་སྟོན་དུས་ཀྱི་སློབ་དུས་འགོ་ཚུགས་པའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》བཀྲམ་པ་དང་། སྟོན་དུས་ཀྱི་སློབ་དུས་འགོ་ཚུགས་པའི་ལས་དོན་བཀོད་སྒྲིག་བྱས་ཡོད།
   བརྡ་ཐོའི་ནང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་། བུ་བཅོལ་ཁང་སོགས་ཀྱི་སྟོན་དུས་སློབ་དུས་ཀྱི་སློབ་འགོ་ཚུགས་རྒྱུ་བཀོད་སྒྲིག་གཏན་འཁེལ་བྱས་ཡོད་པ་རེད། དེའི་ནང་ཟླ་8ཚེས་29(གཟའ་སྤེན་པ)ཉིན། སློབ་ཆུང་ལོ་རིམ་དང་པོ་དང་། དམའ་འབྲིང་ལོ་རིམ་དང་པོ། དམའ་འབྲིང་ལོ་རིམ་གསུམ་པ། མཐོ་འབྲིང་ལོ་རིམ་དང་པོ། མཐོ་འབྲིང་ལོ་རིམ་གཉིས་པ། མཐོ་འབྲིང་ལོ་རིམ་གསུམ་པ་བཅས་ཀྱི་སློབ་འགོ་ཚུགས་རྒྱུ་དང་། ཟླ་9ཚེས་1(གཟའ་མིག་དམར) ཉིན། སློབ་ཆུང་ལོ་རིམ་ལྔ་བ་དང་ལོ་རིམ་དྲུག་པ་དང་། དམའ་འབྲིང་ལོ་རིམ་གཉིས་པ་བཅས་ཀྱི་སློབ་འགོ་ཚུགས་རྒྱུ། ཟླ་9ཚེས་7(གཟའ་ཟླ་བ) ཉིན། སློབ་ཆུང་ལོ་རིམ་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་སློབ་འགོ་ཚུགས་རྒྱུ་རེད། བུ་བཅོལ་ཁང་གིས་ཟླ་9ཚེས་8(གཟའ་མིག་དམར) ཉིན། རིགས་ཁག་གི་བུ་བཅོལ་ཁང་གི་འཛིན་གྲྭ་ཆེ་བ་དང་། འབྲིང་བ་སློབ་འགོ་ཚུགས་རྒྱུ་དང་། ཟླ་9ཚེས་11(གཟའ་པ་སངས་)ཉིན། རིགས་ཁག་གི་བུ་བཅོལ་ཁང་གི་འཛིན་གྲྭ་ཆུང་བའི་སློབ་འགོ་ཚུགས་རྒྱུ་རེད།
    མཐོ་རིམ་སློབ་གྲྭ་(མཐོ་རིམ་ལས་རིགས་སློབ་གྲྭ་ཚུད་)ཕྱོགས། ཟླ་8ཚེས་15ཉིན་ནས་བཟུང་། སློབ་གྲྭའི་རིམས་འགོག་ཆ་རྐྱེན་འཛོམས་པའི་མཐོ་སློབ་ཀྱིས། སློབ་མ་ཁག་བགོས་དང་དུས་བགོས་ངང་སློབ་གྲྭར་ལོག་རྒྱུ་སྒྲིག་འཛུགས་བྱས་ནས་སློབ་མ་གསར་པའི་མིང་ཐོ་འགོད་ཆོག མཐོ་སློབ་ཁག་གིས་ཞིབ་ཕྲའི་སློབ་འགོ་ཚུགས་པ་དང་སློབ་ཕྲུག་ཕྱིར་ལོག་བྱེད་པའི་དུས་ཚོད་དང་ལས་ཀའི་འཆར་གཞི་སློབ་གྲྭས་དོན་དངོས་དང་སྟུན་ནས་ཞིབ་བཟོ་བྱེད་དགོས་པ་དང་། པེ་ཅིང་སློབ་གསོའི་ཁོངས་གཏོགས་ཀྱི་རིམས་འགོག་ལས་དོན་འགོ་ཁྲིད་ཚོ་ཆུང་དང་སློབ་གྲྭའི་གཙོ་གཉེར་སྡེ་ཁག་གིས་གཅིག་གྱུར་འཆར་འགོད་དང་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་འབུལ་རྗེས་ལག་བསྟར་བྱེད་དགོས།
   གཞན་ཡང་། དེ་ཉིན་ནས་བཟུང་། པེ་ཅིང་གྲོང་ཁྱེར་གྱི་རིག་ཚན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་ཞིབ་མཆན་འགོད་མཁན་ལས་ཁུངས་ལ་ཡིག་ཐོག་སྙན་ཞུ་འབུལ་ཆོག ཆོག་མཆན་ཐོབ་རྗེས་དྲ་ཕྱིའི་སློབ་ཚན་དང་མཉམ་སྡེབ་བྱེད་སྒོ་སླར་གསོ་བྱེད་ཆོག
གོ་རིམ་རྗེས་མར། པེ་ཅིང་གྲོང་ཨུད་ཀྱི་སློབ་གསོ་ལས་དོན་ཨུ་ལྷན་དང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱིས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་མ་ཕྱིར་ལོག་དང་སློབ་འགོ་ཚུགས་པའི་ལས་ཀའི་ཇུས་གཞི་དང་རིམས་འགོག་བླང་བྱ་སྔར་བས་ཞིབ་ཕྲ་སྒྲུབ་པ་བྱ་རྒྱུ་མ་ཟད། སྤྱི་ཚོགས་ལ་ཡོངས་བསྒྲགས་དང་།  དགེ་སློབ་དང་ཁྱིམ་བདག་ལ་དེ་མཚུངས་ཀྱི་གྲ་སྒྲིག་ཡག་པོ་བྱེད་དགོས་པའི་བརྡ་ཐོ་བཏང་ནས་སྟོན་དུས་སློབ་དུས་ཀྱི་སློབ་འགོ་བརྟན་ལ་བདེ་བླག་ངང་ཚུགས་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།