འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་10ཉིན།

༄༅༎ཤད་མ་མི་སེར་དཀྱུས་མའི་གྱོན་ཆས་སུ་གྱུར་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་10ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ● 2007ལོ་ནས་བཟུང་མི་260ལྷག་ཙམ་གྱིས་སྔ་རྗེས་སུ་གསོ་སྦྱོང་ནང་ཞུགས་རྒྱུའི་མིང་ཐོ་བཀོད་ཡོད། ཤད་མ་སྲུང་སྐྱོང་དང་རྒྱུན་འཛིན་ཐུབ་པ་དང་དུས་མཚུངས་སུ་མི་སེར་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་པའི་ནང་དུད་ཚང་དབུལ་པོ་100ལྷག་ཙམ་ཡོད་པ་དང་། ད་དུང་དབང་པོ་སྐྱོན་ཅན་མི་ཉུང་བ་ཞིག་ལ་འདི་ནས་ལས་ཀ་རག་ཡོད།
     ● དེང་སྐབས་ཤད་མ་བསླས་འཐག་ཆེད་ལས་མཉམ་ལས་ཁང་གིས་སྲོལ་རྒྱུན་གྱི་བོད་ཆས་དང་། སྟོད་ལྷེ། སྐེ་དཀྲིས་སོགས་ཐོན་རྫས་གཙོ་བོར་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་900ལྷག་ཙམ་ཟིན་གྱི་ཡོད།
     འདི་ལོ་ལོ་88ལ་སླེབས་པའི་སྤེན་འཛོམས་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ཤད་མ་འཐག་མཁན་ཞིག་རེད། ཤད་མ་ནི་སྣམ་བུའི་ཁྲོད་སྤུས་ཀ་དག་ཤོས་ཀྱི་ཐོན་རྫས་ཤིག་རེད། ཤོད་རྒྱུན་ལ་འུན་ཤིང་ཀོང་ཇོས་ནང་སའི་འཐག་ལས་ལག་རྩལ་དེ་བོད་ཀྱི་སྲོལ་རྒྱུན་གྱི་སྣམ་བུ་འཐག་པའི་ལག་རྩལ་ཁྲོད་དར་ཁྱབ་བཏང་བ་ཞིག་ཡིན་པ་དང་འཐག་ཁག་པ་དང་། རྒྱུ་ཆ་འཇམ་ལ་ཚགས་དམ་པ། འཐག་པའི་བརྒྱུད་རིམ་རྙོག་འཛིང་ཆེ་བ་བཅས་ཡོད་པ་རེད། དེ་སྔ་བླ་མ་སྐྱེས་ཆེན་དང་སྐུ་དྲག་གིས་མ་གཏོགས་སྤྱོད་བསྐལ་མེད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་དུ་ལག་རྩལ་དེ་རྒྱུན་འཛིན་ཐུབ་ཡོད་པས་ས་གནས་དེ་གའི་ཤད་མར“རྩེད་ཐེར”ཡང་ཟེར།
     “ང་རང་ལོ་15ནས་བཟུང་ཤད་མ་བཏགས་པ་ཡིན། སྐབས་དེ་དུས་ལོ་ལྟར་དགོན་པ་ནས་ལུག་གི་མཇིང་བལ་འཇམ་པོ་དག་བཏོགས་རྗེས་ལས་རོགས་ཚོ་དང་མཉམ་དུ་ཉིན་མཚན་མེད་པར་འཐག་ལས་ལ་གཞོལ་རུང་ཉིན་རེར་ལི་སྨི་10ཙམ་ལས་འཐག་ཐུབ་ཀྱི་མེད། ལག་རྩལ་འདིར་བརྟེན་ཏེ་ནས་ཅུང་ཟད་རག་ཐབས་བྱེད་ཀྱི་ཡོད”ཅེས་སྤེན་འཛོམས་ཀྱིས་བཤད། ཤད་མ་འཐག་པར་དུས་ཚོད་དང་ནུས་ཤུགས་ཆེན་པོ་འདོན་དགོས་ཀྱི་ཡོད། བརྒྱུད་རིམ་ཧྲིལ་པོར་ལས་རིམ་18བརྒྱུད་དགོས་པའི་ནང་བལ་འཁྲུ་བ་དང་། རྒྱུ་སྤུན་འཁེལ་བ། ཚོས་རྒྱག་པ། འཐག་པ་སོགས་ཚུད་ཡོད། ལོ་བཅུ་ལྷག་ཙམ་རིང་ཁོང་ཐོག་མར་རྒྱུ་སྤུན་འཁེལ་མཁན་ཞིག་ནས་བརྒྱུད་རིམ་ཧྲིལ་པོ་བྱང་ཆུབ་མཁན་ཞིག་ཏུ་གྱུར་ཡོད་མོད། འོན་ཀྱང་མཁས་ཤོས་ནི་རྒྱུ་སྤུན་འཁེལ་རྒྱུ་དེ་རེད།
     ཁོང་དང་འདྲ་བར་ལག་རྩལ་དེ་ཤེས་མཁན་ད་དུང་རྒན་རྒོན་5ཡོད་པ་དེ་དག་ནི་ངག་དབང་ལྷ་མོ་དང་། ཁྲ་སིལ། བསོད་ནམས་ཆོས་སྒྲོན། ཨ་ནན། ཆོས་འཕེལ་བཅས་རེད། ལོ་བཅུ་གྲངས་ཉམས་རྒུད་དུ་སོང་བའི་ལག་རྩལ་དེ་སླར་ཡང་མང་ཚོགས་ཚོའི་མཐོང་ལམ་དུ་མངོན་དུས་ལོ་ན་ཆུང་ཤོས་ཀྱི་ལག་རྩལ་པ་དེ་དག་ཚང་མ་ལོ་བདུན་ཅུ་ཡན་ལ་སླེབས་ཡོད་པས་མྱུར་སྐྱོབ་བྱ་རྒྱུ་དེ་ཁ་ཚ་དགོས་གཏུག་ཅིག་ཏུ་གྱུར།
     ལྷོ་ཁ་གྲོང་ཁྱེར་གྱི་རི་མོའི་སྒྱུ་རྩལ་པ་པ་སངས་ཀྱིས་ལོ་རྒྱུས་ཀྱི་འགན་འཁྲི་དེ་དང་དུ་བླངས་ཡོད། པ་སངས་ཀྱིས་རྒན་རྒོན་དེ་དག་གདན་དྲངས་ནས་གསར་དུ་བཙུགས་པའི་ཤད་མ་བསླས་འཐག་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་དུ་བཅུག་པ་དང་རང་ཉིད་ཀྱིས་ལས་འཛིན་འགོ་གཙོ་བྱས། རྒན་རྒོན་ཚོས་མཉམ་དུ་དྲན་གསོ་བྱེད་པ་དང་ས་གནས་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ལས་བལ་རྒྱུ་འདེམས་པ་དང་། ལས་སྣོན། ཚོས་རྒྱག་པ་སོགས་ཀྱི་བརྒྱུད་རིམ་དྲན་གསོས་པ་དང་འཐག་ཁྲིའང་བཟོས་པ་རེད། གནའ་བོའི་ལག་རྩལ་དེར་སླར་ཡང་གསོན་ཤུགས་འཕེལ་ནས་2010ལོར་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་བཅུག
     པ་སངས་ཀྱིས“ང་ཚོའི་འབད་བརྩོན་འོག་དེ་སྔ་སྐུ་དྲག་ཁོ་ནས་མ་གཏོགས་གྱོན་མི་ཐུབ་པའི་གྱོན་གོས་དེ་ད་ཆ་མི་སེར་དཀྱུས་མའི་གྱོན་གོས་སུ་གྱུར་ཡོད”ཅེས་བཤད། ཡང་ཁོང་གིས། རྒྱུན་འཛིན་དང་སྲུང་སྐྱོང་ཐུབ་ཆེད་ཤད་མ་བསླས་འཐག་ཆེད་ལས་མཉམ་ལས་ཁང་གིས་རིན་མེད་ངང་ཚང་མར་ལག་རྩལ་དེ་སློབ་རྒྱུའི་ཐག་བཅད་ཡོད་ཅེས་བཤད།
     2007ལོ་ནས་བཟུང་མི་260ལྷག་ཙམ་གྱིས་སྔ་རྗེས་སུ་གསོ་སྦྱོང་ནང་ཞུགས་རྒྱུའི་མིང་ཐོ་བཀོད་ཡོད། ཤད་མ་སྲུང་སྐྱོང་དང་རྒྱུན་འཛིན་ཐུབ་པ་དང་དུས་མཚུངས་སུ་མི་སེར་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་པའི་ནང་དུད་ཚང་དབུལ་པོ་100ལྷག་ཙམ་ཡོད་པ་དང་། ད་དུང་དབང་པོ་སྐྱོན་ཅན་མི་ཉུང་བ་ཞིག་ལ་འདི་ནས་ལས་ཀ་རག་ཡོད།
     ལོ་45ལ་སླེབས་པའི་ཕུར་བུ་དབང་ཕྱུག་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཡར་སྟོད་ཤང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་། 2016ལོར་ཤད་མ་བསླས་འཐག་ཆེད་ལས་མཉམ་ལས་ཁང་དུ་ལས་ཀར་ཡོང་རྗེས་གཙོ་བོ་བལ་ལས་བྱེད་ཀྱི་ཡོད་པ་དང་ཟླ་རེར་ཡོང་འབབ་སྒོར་3000ཡོད། ཁོང་གིས་ངའི་རྐང་པ་བདེ་པོ་མེད་པས་ཐག་རིང་པོར་ལས་ཀར་འགྲོ་ཐུབ་ཀྱི་མི་འདུག འོན་ཀྱང་མཉམ་ལས་ཁང་གིས་ཟ་འཐུང་དང་སྡོད་ས་སྤྲོད་ཀྱི་ཡོད་པ་དང་། ད་དུང་ལོ་ལྟར་དུས་བཀག་ནང་རྩལ་ནུས་གསོ་སྦྱོང་བྱེད་ཀྱི་ཡོད་པས་སྒོ་འགྲམ་ནས་ཡོང་འབབ་བརྟན་པོ་རག་གི་འདུག་ཅེས་བཤད།
     དེང་སྐབས་ཤད་མ་བསླས་འཐག་ཆེད་ལས་མཉམ་ལས་ཁང་གིས་སྲོལ་རྒྱུན་གྱི་བོད་ཆས་དང་། སྟོད་ལྷེ། སྐེ་དཀྲིས་སོགས་ཐོན་རྫས་གཙོ་བོར་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་900ལྷག་ཙམ་ཟིན་གྱི་ཡོད། མི་རྣམས་ཀྱི་དེང་རབས་ཀྱི་གྱོན་ཆས་ཀྱི་དགོས་མཁོར་དམིགས་ནས། ཁོང་ཚོས་ད་དུང་ཤད་མའི་རྒྱུ་ཆ་དང་འཁལ་འཐག་བཟོ་རྩལ་ལ་ལེགས་བཅོས་དང་གསར་གཏོད་བྱས་པ་དང་། ཐོན་རྫས་སྔ་རྗེས་སུ་པེ་ཅིང་དང་། ཝུའུ་ཧན། ཧྲེན་ཀྲེན། ཁྲེང་ཏུའུ་སོགས་ཀྱི་དངོས་མང་སྟོན་ཚོགས་སྐབས་སུ་འགྲེམས་སྟོན་བྱས་ཡོད། ན་ནིང་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱན་གོས་ངོམས་སྟོན་གར་སྟེགས་ཐོག་ཐོག་མར་འགྲེམས་སྟོན་བྱས།