འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་7ཉིན།

༄༅༎བོད་ལྗོངས་མཚོ་སྨད་གྲོང་ཚོའི“གད་སྙིགས་བསྡུ་བའི་ཚོད་ལྟ”

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་07ཉིན། 15:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ནམ་རྒྱུན་དང་འདྲ་བར་མཚོ་སྨད་གྲོང་ཚོའི་གད་པ་སྐལ་བཟང་སྒྲོལ་མས་སྔ་དྲོའི་ལས་ཀ་ཚར་བ་དང་གྲོང་ཚོའི་སྒོ་རྩིས་ཚོང་ཁང་གི་འགྲམ་དུ་གློག་སྒུལ་སྦག་སྦག་གི་ཁ་བཀག་ནས་ཚོང་ཁང་གི་ཉེར་མཁོའི་ཅ་དངོས་ཀྱི་ཚོང་སྒྲོམ་ནས་འདག་གཤེར་དམ་བི་གང་བདམས་ནའང་། ཁོང་གིས་རིན་པ་སྤྲོད་དུས་དངུལ་སྨར་མིན་ལ་སྒུལ་བདེའི་གཏོང་སྤྲོད་ཀྱང་མིན་པར་རྒྱ་མ་20ལྷག་གི་ཤོག་སྙིགས་ཡིན་པ་རེད།
     སྐལ་བཟང་སྒྲོལ་མ་འགྲོ་སའི་སྒོ་རྩིས་ཚོང་ཁང་དེ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་མཚོ་སྨད་གྲོང་ཚོའི་གད་སྙིགས་རིགས་དབྱེ་བརྗེ་ལེན་ལྟེ་གནས་རེད། སྒོའི་ཕྱི་ལོགས་ཀྱི་བརྡ་བྱང་ངོས“གད་སྙིགས་བསྡུས་ནས་ཚོང་ཟོག་བརྗེ”ཞེས་པའི་ཡི་གེ་གསལ་པོར་བྲིས་འདུག
     “གྲོང་མི་ཚོས་འགྱིག་དམ་དང་། ལྕགས་དམ། ཤོག་སྒམ་སོགས་བསྡུ་རུང་བའི་གད་སྙིགས་ཁྱེར་ནས་ང་ཚོའི་འདི་གར་སྐར་མ་དང་བརྗེ་ཆོག་པ་དང་། དེ་རྗེས་བབ་མཚུངས་ཀྱི་ཉེར་མཁོའི་ཅ་དངོས་དང་། བཏུང་བྱ། འབྲས་དང་གྲོ་ཞིབ་སོགས་བླང་ཆོག”ཅེས་བརྗེ་ལེན་སྒོ་རྩིས་ཚོང་ཁང་གི་འགན་འཁུར་བ་ཕུན་ཚོགས་སྒྲོལ་མས་བརྗོད་ཅིང་། ཁོང་གི་ཐོ་འགོད་ཟིན་དེབ་ཏུ་གྲོང་མི་ཚོས་ཉེ་ཆར་བརྗེ་ལེན་བྱས་པའི་ཟིན་ཐོ་མང་དག་ཅིག་བཀོད་འདུག
     “གཟའ་འཁོར་རེར་གྲོང་ཁྱེར་ནང་ནས་གད་སྙིགས་བསྡུ་བའི་རླངས་འཁོར་འདི་གར་ཡོང་ནས་བསྡུ་རུབ་བྱེད་པ་དང་། ད་ལྟ་དབྱར་ཁའི་དུས་སུ་གད་སྙིགས་བསྡུ་ཚད་ཅུང་མང་། བརྗེ་ལེན་བྱེད་མཁན་གྱི་གྲོང་མི་ཡང་མང་པོ་འདུག ཉིན་འདི་གར་ང་ཚོའི་མཛོད་ཁང་ཡང་ཁེངས་གྲབས་འདུག”2018ལོར་སྒོ་ཕྱེ་བ་ནས་བཟུང་། བརྗེ་ལེན་སྒོ་རྩིས་ཚོང་ཁང་གིས་གད་སྙིགས་ཏུན་20ལྷག་བསྡུས་པ་ཡིན་ཞེས་ཕུན་ཚོགས་སྒྲོལ་མས་བཤད།
     དམར་གྲོང་རྡལ་གྱི་ཀྲེན་ཀྲང་ཝང་ཏིང་ཕིང་གིས་ངོ་སྤྲོད་བྱས་པ་ལྟར་ན། 2018ལོ་ནས་བཟུང་། གྲོང་རྡལ་སྲིད་གཞུང་གིས་མཚོ་སྨད་གྲོང་ཚོ་སོགས་གྲོང་ཚོ་6ལ་རིགས་དབྱེའི་སྙིགས་གཞོང་འབྲིང་གྲས་300ལྷག་དང་རིགས་དབྱེའི་སྙིགས་གཞོང་ཆུང་གྲས་3300ལྷག་རིན་མི་དགོས་པར་སྤྲད་ཡོད་པ་རེད།
     དམར་གྲོང་རྡལ་གྱིས་ད་དུང་བྱེ་རླུང་འགོག་པའི་བཀག་སྡོམ་རྣམ་པའི་འཚོ་བའི་གད་སྙིགས་རིགས་དབྱེའི་གནས་སྐབས་ཉར་ཁུལ་17བཙུགས་པ་དང་། གད་སྙིགས་བརྒྱུད་སྐྱེལ་འཁོར་རིགས་དང་གློག་སྒུལ་སྦག་སྦག་20ཙམ་བཀོད་སྒྲིག་བྱས་པ་མ་ཟད། སྟོད་ལུང་བདེ་ཆེན་ཆུས་གད་སྙིགས་བསྡུ་བའི་ས་ཚུགས་དང་དུས་བཀག་ནང་བསྡུ་བའི་ལམ་སྲོལ་ཡང་བཙུགས་པ་རེད།
     གྲོང་མི་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་ཆེད། 2018ལོར་དམར་གྲོང་རྡལ་གྱིས་གད་སྙིགས་རིགས་ཕྱེ་ནས་བསྡུ་བའི་ཚོད་ལྟ་བྱེད་འགོ་བཙུགས་པ་དང་། བརྡ་བྱང་དང་སྐད་འཕྲིད་དུད་སྣེའི་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་ཕུད་གྲོང་རྡལ་སྲིད་གཞུང་གིས་ད་དུང་གྲོང་མི་རྣམས་ལ་དུད་ཚང་དུ་བསྐྱོད་ནས་རིགས་དབྱེའི་སྙིགས་གཞོང་སྤྲད་པ་དང་། གད་སྙིགས་རིགས་དབྱེ་བརྗེ་ལེན་ལྟེ་གནས་ཡང་འཆར་འགོད་བྱས་ནས་བསྐྲུན་པ་རེད།
     “ང་ཚོར་དེ་དུས་འདིའི་ཕྱོགས་ཀྱི་ཉམས་མྱོང་མེད་པས་ཚོད་ལྟ་དང་བཅས་འཚོལ་ཞིབ་བྱས་པ་ཡིན། གྲོང་ཁྱེར་ཆེན་པོ་ཁག་གཅིག་ན་གད་སྙིགས་ཁྱེར་ནས་ཚོང་ཟོག་དང་བརྗེ་བའི་ས་ཚུགས་ཡོད་པ་མཐོང་ནས་ང་ཚོས་ཀྱང་བརྗེ་ལེན་སྒོ་རྩིས་ཚོང་ཁང་ཞིག་ཚོད་ལྟའི་ངང་བཙུགས་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་ཡག་པོ་བྱུང་སོང་། ང་ཚོས་བརྗེ་ལེན་ལམ་སྲོལ་རྒྱུན་ཆད་མེད་པར་རིམ་པ་སྤར་ཏེ་མི་སེར་སྔར་བས་མང་བས་དགའ་པོ་བྱེད་པའི་ཚོང་ཟོག་བཏོན་པ་ཡིན”ཞེས་ཝང་ཏིང་ཕིང་གིས་བཤད།
     དམར་གྲོང་རྡལ་གྱིས་ད་དུང་གད་པའི་གླ་ཆ་མང་དུ་བཏང་བ་དང་ཁོ་ཚོའི་ལས་རྗེས་དཔྱད་ཞིབ་ཀྱི་ལམ་སྲོལ་ལེགས་སུ་བཏང་ནས་གྲོང་མིར་ཞབས་འདེགས་སྔར་བས་ཡག་པོ་ཞུ་བར་ལྕག་སྐུལ་བྱས་ཡོད།
     “དེ་སྔོན་ངའི་ཡོང་འབབ་གཙོ་བོ་ནི་སོ་ནམ་བྱས་ནས་གསོག་གི་ཡོད། ད་ཆ་གད་པ་བྱས་པར་ལོ་རེར་སྒོར་ཁྲི་གཉིས་ལྷག་ཙམ་གྱི་རྨང་གཞིའི་གླ་ཆ་ཡོད་ལ་བསྡུ་རུབ་བྱས་པའི་གད་སྙིགས་ཀྱི་གྲངས་འབོར་གཞིར་བཟུང་ད་དུང་བྱ་དགའ་ཐོལ་པའང་ཡོད”ཅེས་སྐལ་བཟང་སྒྲོལ་མས་བཤད།
     ད་ལྟ་དམར་གྲོང་རྡལ་གྱི་གད་སྙིགས་རིགས་དབྱེའི་ལས་དོན་དེ་འཚོལ་ཞིབ་རང་བཞིན་གྱི་ཚོད་ལྟ་ནས་ཕྱོགས་ཡོངས་སུ་ཁྱབ་ཅིང་། “དུད་ཚང་རིགས་དབྱེ། གྲོང་ཚོའི་བསྡུ་རུབ། གྲོང་རྡལ་བརྒྱུད་སྐྱེལ”བཅས་ཀྱི་གད་སྙིགས་གཙང་སེལ་མ་ལག་ལ་གཞི་ཁྱོན་རགས་ཙམ་ཆགས་པ་དང་། གྲོང་མིའི་འཚོ་བའི་གད་སྙིགས་ཀྱི་འབྱུང་རྩ་རྒྱུན་མཐུད་ཉུང་གཏོང་དང་ཚད་ལྡན་ཅན་གྱི་རིགས་དབྱེ་འདོན་སྤྲོད་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།