འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་7ཉིན།

༄༅༎ཕོ་བྲང་པོ་ཏ་ལར་ཉིན་རེར་ལྟ་སྐོར་བ་4000ལས་བརྒལ་མི་ཆོག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་07ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ལྷ་སར་ཡུལ་སྐོར་བ་མང་བའི་དུས་སུ་སླེབས་པའི་སྐབས་སུ་ཕོ་བྲང་པོ་ཏ་ལ་སོགས་ཡུལ་སྐོར་བ་མང་ཤོས་ཀྱི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད། གསར་འགོད་པར་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་བར། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཕོ་བྲང་པོ་ཏ་ལའི་རིག་དངོས་དང་ཁང་པ་སྲུང་སྐྱོང་བྱས་ཏེ་ཡུལ་སྐོར་བའི་སྤྲོ་གསེང་གི་བདེ་འཇགས་འགན་ལེན་བྱ་ཆེད། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་དྲ་རྒྱ་ནས་མངགས་པ་དང་དུས་མཚམས་དབྱེ་ནས་ལྟ་སྐོར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་པའི་དུས་ཚོད་ནི་ཉིན་རེའི་ཆུ་ཚོད་9∶00——14∶00(ཆུ་ཚོད་15∶40ནས་འཛུལ་མི་ཆོག་པ)ཡིན་པ་དང་ཉིན་ལྟར་མི་4000ལས་བརྒལ་ཆོག་གི་མེད། སྤ་སེ་མངགས་པའི་དུས་ཚོད་ནི་ཉིན་རེའི་ཞོགས་པའི་ཆུ་ཚོད་8པར་ཡིན་པས་ཡུལ་སྐོར་བས་ངེས་པར་དུ་ཉིན་གཅིག་གི་སྔོན་ནས“ཕོ་བྲང་པོ་ཏ་ལའི་སྒོ་འཛིན་མངགས་པའི་མ་ལག”བརྒྱུད་སྤ་སེ་མངགས་དགོས་པ་དང་སྤ་སེ་མངགས་རྗེས་ཕྱི་ཉིན་ལྟ་སྐོར་ལ་བསྐྱོད་ཆོག་གི་ཡོད། ཡུལ་སྐོར་བས་ལྟ་སྐོར་བྱེད་སྐབས་ངེས་པར་དུ་ཐོབ་ཐང་ལག་ཁྱེར་འཁྱེར་དགོས་པ་དང་། ལྟ་སྐོར་གྱི་སྤ་སེ་མངགས་པའི་ཨང་རྟགས་དང་བདེ་ཐང་ཨང་རྟགས་མཁོ་འདོན་བྱེད་དགོས་པ་མ་ཟད་ལྟ་སྐོར་བྱེད་རིང་ཁ་རས་རྒྱག་དགོས་ཀྱི་ཡོད།
     ཡུལ་སྐོར་བས་སྤ་སེ་མངགས་སྐབས“ཕོ་བྲང་པོ་ཏ་ལའི་གཞུང་ཕྱོགས་ལས་སྟེགས”ཀྱི་སྐད་འཕྲིན་སྤྱི་སྟེགས་བརྒྱུད་ཕོ་བྲང་པོ་ཏ་ལའི་སྤ་སེ་མངགས་པའི་མ་ལག་ཏུ་འཛུལ་ནས་སྒོ་འཛིན་མངགས་པའི་དུས་ཚོད་བདམས་ཏེ་མིང་ངོ་མ་འགོད་པ་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་རྟགས་དང་ཁ་པར་ཨང་གྲངས་བརྒྱངས་རྗེས་ཐོབ་ཐང་ལག་ཁྱེར་གྱི་རྒྱབ་མདུན་གྱི་པར་བསྐུར་ན་སྤ་སེ་མངགས་ཐུབ་ཀྱི་ཡོད་པ་རེད།
     རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་རྒྱུན་རྣམ་ཅན་གྱི་བླང་བྱ་དང་འཚམ་ཆེད། ལྟ་སྐོར་བས་བང་སྒྲིག་དགོས་པ་དང་ལྟ་སྐོར་བྱེད་སྐབས་ངེས་པར་དུ་བར་ཐག་སྨི་1.5ཡན་འཇོག་དགོས། མི་མང་པོ་མཉམ་འཛོམས་མི་བྱེད་པའི་ཆེད་དུ་ཕོ་བྲང་པོ་ཏ་ལའི་དོ་དམ་སྡེ་ཚན་གྱིས་ཉིན་ལྟར་དུས་ཚོད་གཏན་འཁེལ་གྱིས་འགྲེམས་ཁང་དུ་དུག་སེལ་བྱེད་པ་མ་ཟད་ལས་དོན་པ་200ལྷག་ཙམ་གྱིས་བརྒྱུད་རིམ་ཧྲིལ་པོར་སྐོར་སྲུང་བྱས་ནས་ཕོ་བྲང་དུ་ལྟ་སྐོར་བྱེད་མཁན་མང་དུ་སོང་ཚེ། གནས་ཚུལ་ཞིབ་ཕྲར་གཞིགས་ནས་ཡུལ་སྐོར་བ་ཚོད་འཛིན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱོད་རྒྱུ་རེད།