འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་7ཉིན།

༄༅༎ཕྱི་འབྲེལ་པུས་བསྟན་དོན། ཨ་རིས་ཀྲུང་གོའི་སྨྱན་སྦྱོར་ལ་ཆབ་སྲིད་ཀྱི་གནོན་ཤུགས་སྤྲོད་མཚམས་འཇོག་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་07ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཨ་རིར་བཅའ་སྡོད་ཀྲུང་གོའི་གསར་འགོད་པར་ད་བར་རྒྱལ་གྲོལ་ཐོངས་མཆན་མ་རག་པར་དུས་འགྱངས་བྱས་པའི་གནས་ཚུལ་ལ་དམིགས་ཏེ་ཚེས་4ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས། ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་བྱ་སྤྱོད་དེས་ཀྲུང་གོའི་སྨྱན་སྦྱོར་གྱིས་ཨ་རིར་རྒྱུན་གཏན་གྱི་གསར་འགྱུར་འཕྲིན་སྤེལ་བྱེད་སྒོ་སྤེལ་བར་འགོག་རྐྱེན་ཚབས་ཆེན་བཟོས་པ་དང་། ཀྲུང་གོའི་སྨྱན་སྦྱོར་གྱི་སྙན་གྲགས་ལ་གནོད་འཚེ་ཚབས་ཆེན་བཏང་བ། རྒྱལ་ཁབ་གཉིས་པོའི་དབར་གྱི་རྒྱུན་གཏན་གྱི་མི་ཆོས་རིག་གནས་སྤེལ་རེས་ལ་འགོག་རྐྱེན་ཚབས་ཆེན་བཅས་བཟོས་ཡོད། དེས་ན་ཨ་རི་ཕྱོགས་ཀྱིས་གང་མགྱོགས་ནོར་འཁྲུལ་ཡོ་བསྲང་བྱས་ཏེ་ཀྲུང་གོའི་སྨྱན་སྦྱོར་དང་གསར་འགོད་པར་ཆབ་སྲིད་ཐོག་ནས་གནོན་ཤུགས་སྤྲོད་མཚམས་འཇོག་དགོས་ཞེས་བརྗོད་པ་རེད།
     དབང་ཝུན་པིན་གྱིས་ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འདི་ལོའི་ཟླ་5ཚེས་8ཉིན་ཨ་རི་ཕྱོགས་ཀྱིས་ཨ་རིར་བཅའ་སྡོད་ཀྲུང་གོའི་གསར་འགོད་པར་རྒྱལ་གྲོལ་ཐོངས་མཆན་གྱི་གནས་སྡོད་དུས་བཀག་ཉིན་90ནང་ཚུན་དུ་ཇེ་ཐུང་དུ་བཏང་བ་དང་ཟླ་གསུམ་རེར་དུས་འགྱངས་རེ་ཞུ་བསྐྱར་དུ་བྱེད་དགོས་ཀྱི་ཡོད། “ང་ཚོས་ཤེས་རྟོགས་བྱུང་བར། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་གསར་འགོད་པ་ཚང་མས་ཨ་རི་ཕྱོགས་ལ་རྒྱལ་གྲོལ་ཐོངས་མཆན་གྱི་དུས་ཚོད་ནར་འགྱངས་བྱ་རྒྱུའི་རེ་ཞུ་སྔ་ས་ནས་བྱས་མོད། འོན་ཀྱང་ད་བར་མི་1ལའང་ཨ་རི་ཕྱོགས་ཀྱི་ལན་གསལ་པོ་ཞིག་འབྱོར་མེད”ཅེས་བརྗོད་པ་རེད།
     ཁོང་གིས་བར་སྐབས་ཤིག་རིང་ཨ་རི་ཕྱོགས་ཀྱིས་འཇམ་འཐབ་ཀྱི་བསམ་གཞིག་དང་འདུ་ཤེས་འཛིན་སྟངས་ཐད་ཕྱོགས་ཞེན་གྱི་ལྟ་ཚུལ་བཟུང་ནས་ཀྲུང་གོའི་སྨྱན་སྦྱོར་ལ་ཆབ་སྲིད་ཐོག་ནས་གནོན་ཤུགས་རྒྱུན་མི་ཆད་པར་སྤྲོད་ཤུགས་ཆེ་རུ་བཏང་ཞིང་། 2018ལོའི་ཟླ་12པར་ཨ་རིས་ཨ་རིར་བཅའ་སྡོད་འབྲེལ་ཡོད་ཀྲུང་གོའི་སྨྱན་སྦྱོར་སྒྲིག་གཞི་ཐོ་འགོད་བྱེད་སྐབས“ཕྱི་རྒྱལ་གྱི་ལས་ཚབ”ཞེས་པར་ཐོ་འགོད་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། 2018ལོ་ཚུན་ཀྲུང་གོ་ཕྱོགས་ཀྱི་གསར་འགོད་པ་20ལྷག་ཙམ་གྱིས་རྒྱལ་གྲོལ་ཐོངས་མཆན་འགོད་རྒྱུའི་རེ་འདུན་ཞུས་པར་ཨ་རི་ཕྱོགས་ཀྱིས་དུས་ཚོད་ནར་འགྱངས་ཡང་ཡང་བྱས་པ་དང་ཐ་ན་རྒྱལ་གྲོལ་ཐོངས་མཆན་འགོད་རྒྱུ་ཁས་བླངས་མེད། 2020ལོའི་ཟླ་2པར་ཨ་རིས་ཨ་རིར་བཅའ་སྡོད་ཀྲུང་གོའི་སྨྱན་སྦྱོར་སྒྲིག་གཞི་5“ཕྱི་རྒྱལ་གྱི་ཕོ་ཉ་ཚོགས་པའི”ཁོངས་སུ་བཅུག་པ་དང་ཆབས་ཅིག ཨ་རིར་བཅའ་སྡོད་གོང་གསལ་སྨྱན་སྦྱོར་སྒྲིག་གཞི་5པོའི་མི་གྲངས་ཀྱང་ཚོད་འཛིན་བྱས་ཏེ། ཀྲུང་གོའི་སྨྱན་སྦྱོར་གསར་འགོད་པ་60རྣམ་པ་འགྱུར་བའི“མཐར་སྐྲོད”བཏང་བ། ཟླ་5པར་ཨ་རི་ཕྱོགས་ཀྱིས་ཨ་རིར་བཅའ་སྡོད་ཀྲུང་གོའི་གསར་འགོད་པའི་རྒྱལ་གྲོལ་ཐོངས་མཆན་གྱི་གནས་སྡོད་དུས་བཀག་ཉིན་90ནང་ཚུན་དུ་ཚོད་འཛིན་བྱས་པ། ཟླ་6པར་ཨ་རི་ཕྱོགས་ཀྱིས་ཨ་རིར་བཅའ་སྡོད་ཀྲུང་གོའི་སྨྱན་སྦྱོར་སྒྲིག་གཞི་4དོ་དམ་བྱེད་པའི“ཕྱི་རྒྱལ་གྱི་ཕོ་ཉ་ཚོགས་པའི”ཁོངས་སུ་འཇུག་རྒྱུ་ཡིན་ཞེས་སླར་ཡང་ཁྱབ་བསྒྲགས་བྱས་ཡོད་ཅེས་བརྗོད་པ་རེད།
     དབང་ཝུན་པིན་གྱིས་ཀྲུང་གོའི་སྨྱན་སྦྱོར་གྱི་གསར་འགོད་པས་གསར་འགྱུར་ལས་རིགས་ཀྱི་ཀུན་སྤྱོད་ལ་བརྩི་སྲུང་དང་དོན་དངོས་དང་། གཞུང་དྲང་། དྲང་བདེན། འཕྱུགས་མེད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཨ་རི་ཚུད་པའི་འཛམ་གླིང་ས་གནས་ཁག་ཏུ་རྒྱུན་གཏན་གྱི་གསར་འགྱུར་འཕྲིན་སྤེལ་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་བྱ་སྤྱོད་དེས་ཀྲུང་གོའི་སྨྱན་སྦྱོར་གྱིས་ཨ་རིར་རྒྱུན་གཏན་གྱི་གསར་འགྱུར་འཕྲིན་སྤེལ་བྱེད་སྒོ་སྤེལ་བར་འགོག་རྐྱེན་ཚབས་ཆེན་བཟོས་པ་དང་། ཀྲུང་གོའི་སྨྱན་སྦྱོར་གྱི་སྙན་གྲགས་ལ་གནོད་འཚེ་ཚབས་ཆེན་བཏང་བ། རྒྱལ་ཁབ་གཉིས་པོའི་དབར་གྱི་རྒྱུན་གཏན་གྱི་མི་ཆོས་རིག་གནས་སྤེལ་རེས་ལ་འགོག་རྐྱེན་ཚབས་ཆེན་བཅས་བཟོས་ཡོད་ཅེས་བརྗོད་པ་རེད།
     “ཨ་རི་ཕྱོགས་ཀྱིས་ཕྱོགས་གཅིག་ནས་གསར་འགྱུར་རང་དབང་ཡིན་ཞེས་བརྗོད་པ་དང་གཅིག་ཤོས་ནས་ཀྲུང་གོའི་སྨྱན་སྦྱོར་གྱིས་ཨ་རིར་རྒྱུན་གཏན་གྱི་བཅར་འདྲི་བྱེད་པར་འགོག་རྐྱེན་བཟོས་པ་དང་ཧམ་ཤེད་ཆེན་པོས་བཀག་འགོག་བྱས་པ་དེ་ལས། ཨ་རི་ཕྱོགས་ཀྱི‘གསར་འགྱུར་རང་དབང’ཟེར་བའི་གཡོ་རྫུས་རང་བཞིན་དམར་རྗེན་དུ་མངོན་པ་དང་། དེ་ནི་མངོན་སུམ་འཛེམ་མེད་ཀྱི‘ཚད་གཞི་གཉིས་འཛིན’དང‘བཙན་པོ་དབང་ཡོད’རང་རེད”ཅེས་ཁོང་གིས་བརྗོད་པ་རེད།
     དབང་ཝུན་པིན་གྱིས་མིག་སྔའི་དུས་བབ་འདི་འདྲ་ཞིག་ཆགས་པའི་རྐྱེན་དང་འགན་འཁྲི་ཚང་མ་ཨ་རི་ཕྱོགས་ལ་ཡོད། ཨ་རི་ཕྱོགས་ནས་འཕྲལ་མར་ནོར་འཁྲུལ་ཡོ་བསྲང་བྱས་ཏེ་ཀྲུང་གོའི་སྨྱན་སྦྱོར་དང་གསར་འགོད་པར་ཆབ་སྲིད་ཐོག་ནས་གནོན་ཤུགས་སྤྲོད་མཚམས་འཇོག་དགོས། “གལ་སྲིད་ཨ་རི་ཕྱོགས་ཀྱིས་ལྐུགས་པ་ཨུ་ཚུགས་ཀྱིས་སྔར་བཞིན་ནོར་འཁྲུལ་ཡོ་བསྲང་མ་བྱས་ན། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་དང་ལུགས་མཐུན་གྱི་བརྡ་ལན་བསློགས་ནས་རང་ཉིད་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།
     ཤང་ཀང་དུ་ཡོད་པའི་ཨ་རིའི་གསར་འགོད་པར་ཤུགས་རྐྱེན་ཐེབས་མིན་སྐོར་ལ་དབང་ཝུན་པིན་གྱིས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན། ཨ་རི་ཕྱོགས་ནས་ཨ་རིར་བཅའ་སྡོད་ཀྲུང་གོའི་སྨྱན་སྦྱོར་སྒྲིག་གཞིར་དོན་མེད་གནོན་ཤུགས་སྤྲད་པར་དམིགས་ཏེ། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་དང་ལུགས་མཐུན་གྱི་བརྡ་ལན་བསློགས་པ་ནི་ཀྲུང་དབྱང་སྲིད་གཞུང་གི་ཕྱི་འབྲེལ་འགན་དབང་ཞིག་ཡིན་ཞེས་བརྗོད་པ་རེད།