འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་7ཉིན།

༄༅༎གཟི་རྩ་སྡེ་དགུ་མཛེས་ལྗོངས་ཁུལ་གྱིས་དྲ་རྒྱའི་གསར་རྩོམ་བརྙན་ལམ་གྱི་གླུ་གཞས་འཚོལ་བསྡུའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་07ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎གཟི་རྩ་སྡེ་དགུ་མཛེས་ལྗོངས་ཁུལ་གྱིས་དྲ་རྒྱའི་གསར་རྩོམ་བརྙན་ལམ་གྱི་གླུ་གཞས་འཚོལ་བསྡུའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ།
     མི་དམངས་དྲ་བའི་འཕྲིན། གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱིས་ཉེ་ཆར་ཏོའུ་དབྱིན་ལས་སྟེགས་ཐོག“གཟི་རྩ་སྡེ་དགུའི་སེམས་ཀྱི་རྗེས་ཤུལ”དང་8·8དྲ་རྒྱའི་གསར་རྩོམ་བརྙན་ལམ་གྱི་གླུ་གཞས་འཚོལ་བསྡུའི་བྱེད་སྒོ་སྤེལ་ནས། རྒྱ་ཆེའི་དྲ་གྲོགས་ལ་ཕྱོགས་ནས་གཟི་རྩ་སྡེ་དགུ་དང་འབྲེལ་ཡོད་ཀྱི་གསར་རྩོམ་གྱི་བརྙན་ཐུང་འཚོལ་བསྡུ་བྱ་རྒྱུ་དང་། མང་ཚོགས་ཀྱིས་མཉམ་དུ་འཛམ་གླིང་གི་རང་བྱུང་ཤུལ་བཞག་གི་རྗེས་ཤུལ་ལ་གླེང་མོལ་བྱེད་པ་དང་། མཉམ་དུ་བཟོ་ལྟ་སྣ་ཚོགས་ཀྱི་གཟི་རྩ་སྡེ་དགུ་ཡི་ཡུལ་སྲོལ་གོམས་གཤིས་ལ་ལྟ་བ། མཉམ་དུ་སྒོར་ཁྲི་7ཟིན་པའི་གཟི་རྩ་སྡེ་དགུ་ཡུལ་སྐོར་གྱི་བྱ་དགའ་ཆེན་པོ་ཐོབ་ཐབས་བྱེད་པ་བཅས་ཡོང་བར་གདན་འདྲེན་ཞུས་པ་རེད།
     གཟི་རྩ་སྡེ་དགུ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དུ་གནས་ཡོད་ལ། དེ་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། རྒྱལ་ཁབ་ཀྱི་གཙོ་གནད་མཛེས་ལྗོངས་ཁུལ་གྲགས་ཅན། རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་དང་པོ་བཅས་ཡིན་པས། འཛམ་གླིང་སྐྱེ་བོ་ཀུན་གྱིས“བྱིས་སྒྲུང་གི་འཇིག་རྟེན”ཞེས་འབོད་ཀྱི་ཡོད། “གཟི་རྩ་སྡེ་དགུ་ནས་ཕྱིར་ཡོང་རྗེས་ཆུ་ལ་མི་ལྟ”ཞེས་པའི་བཤད་སྲོལ་ཡོད། སྐར་ཚོགས་བཀྲམ་པ་ལྟར་གཟི་ཚ་སྡེ་དགུ་རུ་ཁྱབ་བའི་མཚོ་མོ་ནི་གཡང་ཊིའི་སྡེར་མའི་ནང་དུ་ལྷུང་བའི་མུ་ཏིག་དང་འདྲ་ལ། མིག་དབང་འཕྲོག་ཅིང་ཡིད་དབང་ཡང་འགུག ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་བོད་ཀྱི་རིག་གནས་དང་ངོ་མཚར་ཆེ་བའི་རི་ཆུ་མཛེས་ལྗོངས་གཞི་གཅིག་ཏུ་འདྲེས་ལ། གཅིག་གིས་གཅིག་བརྒྱན་ནས་ཡུན་ནས་ཡུན་དུ་གནས།
     འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ་གྱི་གྲས་ཤིག་ཡིན་པའི་ཆ་ནས། གཟི་རྩ་སྡེ་དགུ་ཡིས་རང་བྱུང་ཤུལ་བཞག་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད། འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་གྲུབ་འབྲས་ཐོབ་པའི་ངང་སློབ་མ་ཁག་དང་པོ་གཟི་རྩ་སྡེ་དགུའི་རིག་གནས་ཀྱི་མཛེས་སྡུག་འཚོལ་ཞིབ་བྱེད་ཡོང་བར་འབོད་སྐུལ་བྱས་པ་རེད། བྱེད་ཐབས་མི་འདྲ་བར་བརྟེན་ནས་ཡུལ་སྐོར་བྱེད་པ་དེས་སློབ་མ་རྣམས་ཀྱིས་རང་བྱུང་དང་སྤྱི་ཚོགས་ལ་ངོས་འཛིན་ཇེ་མཐོར་བཏང་ལ། འཛམ་གླིང་གི་རང་བྱུང་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་འགན་འཁྲིའི་འདུ་ཤེས་གསོ་སྐྱོང་བྱས་པ་དང་། འཛམ་གླིང་རང་བྱུང་དང་རིག་གནས་ཤུལ་བཞག་གི་སློབ་གསོ་དང་དྲིལ་བསྒྲགས་ལ་སྐུལ་འདེད་ཧུར་ཐག་བཏང་བས། མཛེས་ལྗོངས་ཁུལ་གྱི་ཤུགས་རྐྱེན་སྔར་བས་ཆེ་རུ་བཏང་ནས་མཛེས་ལྗོངས་ཁུལ་གྱི་མཚན་སྙན་དང་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་བཏང་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། གཟི་རྩ་སྡེ་དགུ་མཛེས་ལྗོངས་ཁུལ་གྱིས་ཟླ་8ཚེས་8ཉིན་རོལ་དབྱངས་བཟོ་མཁན་གྲགས་ཅན་ཁྲེན་ཞའོ་ཆི་ཡིས་ཚིག་དང་དབྱངས་བརྩམས་ཤིང་།་བོད་ཀྱི་གཞས་པ་གྲགས་ཅན་གཡུང་དྲུང་རྒྱལ་གྱིས་བླངས་པའི་གཞས་རྐྱང《འགྱུར་མེད་ཀྱི་གཟི་རྩ་སྡེ་དགུ》ཞེས་པ་ཁྱབ་བསྒྲགས་བྱ་རྒྱུ་རེད། གླུ་དབྱངས་འདིས་བརྒྱུད་སྤྲོད་བྱས་པ་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་ཡོང་བའི་སྙན་དབྱངས་ཡིན་ལ། རིམ་བཞིན་ཡོལ་བའི་ནམ་ཟླ་ཁྲོད་གཟི་རྩ་སྡེ་དགུ་དང་སྤྱི་དམངས་དབར་འབྲེལ་འདྲིས་གྱི་བརྩེ་དུང་ཟབ་མོ་ཡིན།
༄༅༎གཟི་རྩ་སྡེ་དགུ་མཛེས་ལྗོངས་ཁུལ་གྱིས་དྲ་རྒྱའི་གསར་རྩོམ་བརྙན་ལམ་གྱི་གླུ་གཞས་འཚོལ་བསྡུའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ།