འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་6ཉིན།

༄༅།།སྐད་འཕྲིན་ཨང་རྟགས་བོགས་གཏོང་གི་ཉོ་ཚོང་ལ་གསང་བ་དང་ཉེན་ཁ་གང་ཡོད་པ་ཤེས་སམ།  

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་06ཉིན། 12:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྐད་འཕྲིན་ཨང་རྟགས་བོགས་གཏོང་གི་ཉོ་ཚོང་ལ་གསང་བ་དང་ཉེན་ཁ་གང་ཡོད་པ་ཤེས་སམ།
    མི་དམངས་དྲ་བའི་འཕྲིན།     ཤིན་ཧྭ་གསར་འགྱུར་ཁང་ཀོང་ཏུང་ནས་ཟླ་8ཚེས་3ཉིན་གློག་འཕྲིན་འབྱོར་གསལ་། ཉེ་ཆར། གྲོགས་ཚོམས་ཁག་གཅིག་དང་སྐད་འཕྲིན་ཚོགས་པའི་ནང་དུ་“སྐད་འཕྲིན་བོགས་གཏོང་བྱེད་དགོས་ན་ང་དང་འབྲེལ་བ་བྱེད་རོགས། དུས་ཡུན་རིང་པོ་ཕན་ནུས་ལྡན།”“རིན་གོང་མཐོ་པོས་སྐད་འཕྲིན་ཉོ་རྒྱུ་དང་། འཚོང་འདོད་མེད་ན་བོགས་གཏོང་བྱས་ན་ཆོག  ཉིན་གཅིག་ལ་སྒོར་180ཡིན”ཞེས་པའི་“བརྡ་ཆ”གཏོང་བཞིན་འདུག
    གསར་འགོད་པས་རྟོག་ཞིབ་བྱས་པ་ལས་ཤེས་རྟོགས་བྱུང་གསལ། མི་ཁ་ཤས་ཀྱིས་ཁེ་ཕན་ཆུང་ཆུང་ལ་དམིགས་ནས། རང་ཉིད་ཀྱི་སྐད་འཕྲིན་ཨང་རྟགས་མི་གཞན་ལ་བོགས་གཏོང་བྱས་ཡོད། སྐད་འཕྲིན་ཨང་རྟགས་འདི་ཚོ་མང་ཆེ་བ་ཁྲིམས་འགལ་བས་ཁ་བསླུས་རྒྱག་པ་དང་ནག་དངུལ་དག་འབུད་སོགས་ཀྱི་ཉེས་གསོག་བྱ་སྤྱོད་ལ་སྤྱོད་ཀྱི་ཡོད།
   ཁེ་ཕན་ཆུང་ཆུང་ལས་རིན་དོད་ཆེན་པོ་ཤོར་བ།
   2019ལོའི་ཟླ་10པར། ཧོ་ནན་ཤིང་ཤང་གི་ཚན་རྩལ་སློབ་གྲྭ་ག་གེ་མོ་ཞིག་གི་སློབ་མ་ལི་ཆེ་གེ་མོ་དང་། པི་ཆེ་གེ་མོ་ཡིས་“ནོར་འཕེལ་གྱི་ཐབས་ལམ་”ཞིག་རྙེད་པ་སྟེ། སྐད་འཕྲིན་ཨང་རྟགས་མི་གཞན་ལ་བོགས་གཏོང་བྱས་ན། ཉིན་རེར་དུས་གཅིག་ཏུ་སྐད་འཕྲིན་གྱི་རྩིས་འཁོར་པར་གཞིའི་ཐོག་འཛུལ་ཙམ་བྱས་ན། གླ་ཆ་སྒོར་80ཡོད་པ་རེད། དེར་ཁེ་ཕན་ཡོད་པ་ཤེས་ཏེ་ཁོང་ཚོས་བར་ཚོང་བ་གཉིས་པ་བྱས་ནས། ཐེངས་མང་ཉིན་རེར་སྒོར་50ཡི་རིན་གོང་ཐོག་ནས་སློབ་གྲོགས་དང་གྲོགས་པོའི་སྐད་འཕྲིན་བསྡུས་ཏེ་མི་གཞན་ལ་བོགས་གཏོང་བྱས་ནས་དེའི་ཕྲོད་ཀྱི་རིན་ཁྱད་ཀྱི་ཁེ་བཟང་བཟས་པ་དང་། དུས་ཡུན་ཟླ་བ་ཁ་ཤས་རིང་ལ་སྒོར་ཁྲི་ཡི་ཁེ་བཟང་ཐོབ་ཡོད།
    མགྱོགས་པོ་ཁོང་ཚོས་བྱ་སྤྱོད་དེར་རིན་དོད་ཆེན་པོ་འཇལ་དགོས་བྱུང་ཡོད། ད་ལོའི་ཟླ་4པར། ཉེན་རྟོགས་ཕྱོགས་ཀྱིས། ཉེན་ཅན་པས་ལི་ཆེ་གེ་མོ་དང་པི་ཆེ་གེ་མོས་བོགས་གླ་ལེན་པའི་སྐད་འཕྲིན་ཨང་རྟགས་100ལྷག་ལ་ལས་འགན་གཅིག་ལྕོགས་རིགས་ཀྱི་སྐད་འཕྲིན་ཚོགས་པ་བཙུགས་ནས། དྲ་ཐོག་ཏུ་རྩིས་ཐོ་དང་བུན་ལོན་སོགས་ཀྱི་ཁ་བསླུས་ཆ་འཕྲིན་སྤེལ་ཏེ། གློག་འཕྲིན་དྲ་རྒྱའི་ཐོག་ཁ་བསླུས་རྒྱག་པའི་ཉེས་གསོག་བྱེད་སྒོ་སྤེལ་གྱི་ཡོད་པ་རེད། དེའི་རྗེས། ལི་ཆེ་གེ་མོ་དང་པི་ཆེ་གེ་མོར་ཉེས་དོན་གྱི་བཙན་ཐབས་ལག་བསྟར་བྱས་པ་རེད།
    གསར་འགོད་པས་དྲ་ཐོག་ནས་སྐད་འཕྲིན་ཨང་རྟགས་བསྡུ་བའི་བར་དཀྱིལ་ཨང་རྟགས་ཚོང་པ་ཞིག་དང་འབྲེལ་བ་བྱེད་ཐུབ་བྱུང་། ཁོས། བོགས་ལེན་བེད་སྤྱོད་བྱས་པ་དེ་སྐད་འཕྲིན་རྩིས་འཁོར་པར་གཞིར་ཐོ་འགོད་བྱེད་པའི་བྱ་ཐབས་སྤྱད་ནས་“སྤྱི་སྟེགས་གཉིས་ལྡན་ཐོག་ཐོ་འགོད”བྱེད་ཀྱི་ཡོད། ཨང་རྟགས་ཀྱི་བདག་པོར་ཤུགས་རྐྱེན་མེད་པར་རྒྱུན་ལྡན་ལྟར་སྤྱོད་ཐུབ། ཡིན་ན་ཡང་ཨང་རྟགས་ཀྱི་བདག་པོས་རྒྱུན་ལྡན་མིན་པ་ཤེས་ན། ལམ་སེང་ཐོ་འགོད་མེད་པ་བཟོ་ཆོག་ཅེས་བཤད།
    བར་དཀྱིལ་ཨང་རྟགས་ཚོང་པ་དེས། སྐད་འཕྲིན་ཨང་གྲངས་མི་འདྲ་བར་རིན་གོང་ཡང་མི་འདྲ་བ་ཡོད། ཐོ་འགོད་བྱེད་ཙམ་ཡིན་པའི་སྐད་འཕྲིན་ཨང་རྟགས་ཀྱི་གོང་དམའ་ཤོས་ཡིན། ཟླ་བ་ཁ་ཤས་བེད་སྤྱོད་བྱས་པ་དང་། གྲོགས་ཚོམས་ཡོད་པའི་ཨང་གྲངས་གོང་ཅུང་ཆེ་ཞིང་། གལ་ཏེ་དངུལ་ཁང་གི་གཱ་སྦྱར་ནས་གཏོང་སྤྲོད་ནུས་པ་ཡོད་པ་དེ་བས་གོང་ཆེ། ད་དུང་གྲངས་འབོར་ཆེ་བའི་དངུལ་བརྒྱུད་སྤྲོད་ཐུབ་པའི་ནུས་པ་ཡོད་པའི་ཨང་རྟགས་ནི་གོང་ཆེ་ཤོས་ཡིན་པ་རེད། ཐོ་འགོད་བྱས་ནས་དུས་ཡུན་ལོ་ཕྱེད་ཡན་སོང་བ་དང་། གྲོགས་པོ་40ཡན་ཡོད་པ། གྲོགས་ཚོམས་ནང་འཁྲུག་ཆ་དོད་པའི་སྐད་འཕྲིན་ཨང་རྟགས་ལ་ཉིན་རེའི་བོགས་གཏོང་གླ་ཆ་སྒོར་66ནས་སྒོར་100བར་རག་གི་ཡོད།
     སྐད་འཕྲིན་སྤྱི་སྟེགས་ཀྱིས། སྐད་འཕྲིན་ཨང་རྟགས་བོགས་གཏོང་བྱེད་མི་ཆོག་པ་དང་། སྤྱོད་མཁན་གྱིས་རང་ཉིད་ཀྱི་མིང་དངོས་ཐོ་འགོད་བྱས་པའི་སྐད་འཕྲིན་ཨང་རྟགས་ཕྱི་ཕྱོགས་སུ་བོགས་གཏོང་བྱས་ན། སྐད་འཕྲིན་ཨང་རྟགས་བོར་བརླག་ཤོར་བའི་ཉེན་ཁ་ཡོད་པ་སྟེ་སྐད་འཕྲིན་ཨང་རྟགས་ནང་གི་མི་སྒེར་གྱི་གྲངས་གཞི་དང་གསང་བའི་ཆ་འཕྲིན་སོགས་བོར་བརླག་སོང་བ་དང་མི་གཞན་གྱིས་གང་བྱུང་དུ་སྤྱོད་པའི་ཉེན་ཁ་ཡོད། སྐད་འཕྲིན་གཏོང་སྤྲོད་ཨང་རྟགས་དང་དེ་བཞིན་དངུལ་ཁང་གཱ་ཡི་ཨང་རྟགས་དང་འབྲེལ་བའི་དངུལ་གྱི་བདེ་འཇགས་ལའང་ཉེན་ཁ་ཆེན་པོ་ཡོད། སྐད་འཕྲིན་ཨང་རྟགས་མི་གཞན་གྱིས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཐད་སྤྱད་ན་ཨང་རྟགས་ཀྱི་བདག་པོས་དེས་རྐྱེན་པས་ཁྲིམས་ལུགས་ཀྱི་འགན་འཁྲི་འཁུར་དགོས་པ་དང་། ཐ་ན་ཉེས་དོན་འགན་འཁྲིའང་འཁུར་དགོས་པ་བསྟན།
༄༅།།སྐད་འཕྲིན་ཨང་རྟགས་བོགས་གཏོང་གི་ཉོ་ཚོང་ལ་གསང་བ་དང་ཉེན་ཁ་གང་ཡོད་པ་ཤེས་སམ།